རྒྱ་གར་གྱི་དམག་དམངས་བར་དོན་རྐྱེན་བྱུང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 12-07



 
    རྒྱ་གར་གྱི་སྨྱན་སྦྱོར་གྱིས་ཚེས་5ཉིན་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་གར་གྱི་བྱང་ཤར་རྒྱུད་ཀྱི་ན་ཅ་ལན་མངའ་སྡེར་དམག་དཔུང་གིས་མི་སེར་ལ་འཇབ་རྒོལ་བྱེད་ནོར་ཤོར་བའི་དོན་རྐྱེན་ཐོན་ནས་མིག་སྔར་མི་སེར་14རྐྱེན་ལམ་དུ་ཤོར་ཡོད་པ་རེད།   
   རྒྱ་གར་གྱི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཚེས་4ཉིན་གྱི་དགོང་མོ་རྡོ་སོལ་གཏེར་ཁའི་བཟོ་པ་ཁག་གཅིག་རླངས་འཁོར་ནང་བསྡད་དེ་ཁྱིམ་དུ་ལོག་པའི་ལམ་བར་དུ་ན་ཅ་ལན་མངའ་སྡེ་ཨའོ་ཐིང་གྲོང་ཚོའི་ཉེ་འགྲམ་ནས་རྒྱ་གར་དམག་དཔུང་གིས་མེ་མདའ་བརྒྱབ་ནས་མི་སེར་12རང་སར་ཚེ་ལས་འདས་པ་རེད། སྨྱན་སྦྱོར་གྱིས་དམག་ཕྱོགས་ཀྱི་ཆ་འཕྲིན་དྲངས་ནས་བཤད་དོན། དེ་སྔོན་ལོག་སྤྱོད་ཕྱོགས་ཀྱིས་ས་དེར་དམག་དཔུང་ལ་དྲག་ཆས་སྤྲས་ནས་འཇབ་རྒོལ་ཇུས་འགོད་བྱེད་པའི་འབྲེལ་ཡོད་ཁུངས་སྣེ་འབྱོར་ཡོད་ཅིང་། གཟའ་འཁོར་གཅིག་རིང་དེར་སྦས་བསྡད་ཀྱང་། འཇབ་རྒོལ་བྱེད་ནོར་ཤོར་བའི་དོན་རྐྱེན་ཐོན་པ་རེད་བརྗོད། 
   དོན་རྐྱེན་ཐོན་རྗེས་ས་གནས་དེ་གའི་ཡུལ་མི་དང་རྒྱ་གར་གྱི་དམག་དཔུང་དབར་གདོང་ཐུག་དྲག་པོ་བྱུང་བ་དང་། དམག་དཔུང་གི་རླངས་འཁོར་གཉིས་མེ་སྲེག་བཏང་བ་དང་། དམག་མི་གཅིག་རྨས་སྐྱོན་ཚབས་ཆེན་ཕོག་ནས་རྐྱེན་ལམ་དུ་ཤོར་ཡོད། དམག་ཕྱོགས་ཀྱིས་གདོང་ཐུག་ཁྲོད་མེ་མདའ་བརྒྱབ་པ་ལས། ཡང་བསྐྱར་མི་སེར་འགའ་ཤི་རྨས་བྱུང་བ་རེད། ན་ཅ་ལན་མངའ་སྡེའི་ནང་སྲིད་སྡེ་ཁག་གིས་ཚེས་5ཉིན་རྐྱེན་ལ་ཤོར་བའི་མི་སེར་གྱི་མི་གྲངས་14བར་མང་དུ་སོང་བ་ར་སྤྲོད་བྱས། 
   ན་ཅ་ལན་མངའ་སྡེའི་དབུ་བཞུགས་པུའུ་ཀྲང་ལི་ཨའོ་ཡིས་དོན་རྐྱེན་དེར་རྒོལ་གཏམ་བཏང་སྟེ། རིམ་པ་མཐོ་བའི་བརྟག་དཔྱད་ཚོགས་ཆུང་མངགས་ནས་ཞིབ་བཤེར་མཐར་ཕྱིན་པ་བྱ་རྒྱུ་ཡིན་པ་བསྟན། ཚེས་5ཉིན་རྒྱ་གར་དམག་ཕྱོགས་ཀྱིས་གསལ་བསྒྲགས་སྤེལ་ནས། ཡུལ་དངོས་ཀྱི་གནས་ཚུལ་ཚོད་འཛིན་ཐུབ་པ་དང་ལས་འཛོལ་ཐོན་རྐྱེན་བརྟག་དཔྱད་བྱེད་བཞིན་ཡོད་ཅེས་བཤད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1