༄༅།།དམངས་ཁྲོད་ཀྱི་ཇ་བཤད་རིག་གནས།

རྩོམ་པ་པོ། དཔལ་བཟང་གིས་བྲིས། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཁམས་པའི་རིག་གནས་དྲ་བ། སྤེལ་དུས། 12-07


    སྔོན་འགྲོའི་གཏམ།མབོད་གངས་ཅན་ལྗོངས་འདི་ལ་མི་རིགས་གཞན་ལ་འགྲམ་ཆུ་ལྡང་མི་དགོས་པའི་ཁྱད་འཕགས་འཐུས་སྒོ་ཚང་བའི་རིག་གནས་ཤིཡོད་པ་ནི་ལྟ་ཅི་སྨོས། བྱེ་བྲག་ཏུ་བཤད་ན། དུས་རྒྱུན་གྱི་སྤྱི་ཚོགས་འཚོ་བའི་ནང་ལ་དར་ཁྱབ་ཆེས་ཆེ་བ་ཞིག་ནི་སྙན་འགྱུར་དབྱངས་ཀྱི་རྟ་ལ་དྲངས་ནས་སྙན་ངག་རིག་པའི་སྒྱུ་རྩལ་གྱི་ཁྱད་ཆོས་མཚོན་པའི་ཇ་བཤད་ལ་སོགས་པ་འདུས་པའི་གཏམ་བཤད་དེ་དག་སྤྲོས་པའི་སྐབས་སུ་མཚམས་མཚམས་སུ་ཟློས་གར་རམ། གླུའམ། ཞི་དྲག་གི་ཉམས་དང་ལྡན་པའི་ཀི་བསྭོ་ཡི་སྒྲའམ། ཁ་འབུད་ལག་བརྡུང་གི་རོལ་ཆས་བཀོལ་སྤྱོད་ཀྱིས་རམ་འདེགས་བྱེད་ཅིང་། ཡིག་ཐོག་འགོད་པའི་སྐབས་སུ་སྤྱི་ཁོག་ཚིགས་བཅད་ཀྱི་རྩོམ་རྩལ་ཡིན་ཡང་། ཚིག་རྐང་རེ་འགའ་ནི་ཡིག་འབྲུ་མི་འདང་བ་དང་གཅོད་མཚམས་མི་མཉམ་པ། ཤོ་ལོ་ཀའི་ཚིག་རྐང་མི་ཚང་བ། ཡི་གེའི་དག་ཆ་ཞན་པ། སྡེབ་སྦྱོར་ཉམས་པ། བརྡ་དག་མེད་པའི་སྐྱོན་དང་གྲོལ་རིགས་མཛོད་འདུས་ཀྱི་བརྗོད་དོན་གསལ་བའི་ལམ་ལུགས་ལག་ལེན་ཚུལ་བཞིན་བསྟན་མིན་སོགས་ཀྱི་སྐྱོན་མཆིས་པ་འདྲ་ཡང་། ཞིབ་མོ་བློ་ཡིས་དཔྱད་ཚེ་དེ་དག་ནི་སྐྱོན་དུ་རྩ་བ་ནས་མི་འགྱུར་བ་སྣང་སྟེ། དམངས་ཁྲོད་དུ་སྐད་ཆ་འདི་རིགས་བཤད་མཁན་ཕལ་མོ་ཆེ་རིག་གནས་དང་། ཡང་སྒོས་ཚིག་རྒྱན་རིག་པ་ལ་གསན་སྦྱོང་གི་གོ་སྐབས་ཉུང་བས་མ་ཚད། ཐ་ན་ལ་ལའི་ཡི་གེ་ཀ་རྡོག་གཅིག་ཀྱང་མི་ཤེས་མཁན་གྱི་རོང་འབྲོག་གི་མི་སེར་དཀྱུས་མའི་ཁ་ལས་ཕལ་ཆེར་འབྱུང་བ་ཡིན་མོད། ཁོང་རྣམས་ནི་ཁ་མཁས་ཁོག་དྲང་དྲན་འཕྲུལ་གྱི་སྟོབས་རྩལ་རྫོགས་པ། སྐྱེས་སྟོབས་ཀྱི་ཤེས་རབ་འཕྲུལ་ཆས་བཟོ་ལས་ཆེ་བ། སྨྲ་བརྗོད་ཀྱི་རྩལ་ལ་བྱང་བས། སྤྱི་ཚོགས་འཚོ་བར་ཉམས་མྱོང་ཕུན་སུམ་ཚོགས་པ་ལྡན་མཁན་ཤ་སྟག་ཡིན་ཕྱིར། ཁོ་ཚོས་བཤད་པའི་གཏམ་ནི་སྤྱི་ཚོགས་འཚོ་བ་དང་ཐོན་སྐྱེད་ངལ་རྩོལ་དང་འབྲེལ་བ་ཆེས་ཟབ་མོ་ཆགས་འདུག་པས་མ་ཚད། མར་རྩམ་དྲི་བསུང་འཐུལ་བའི་ངག་གི་སྒྱུ་རྩལ་དགེ་མཚན་ལྡན་པ་ཞིག་ཡིན་ལ། རྗོད་བྱེད་ཚིག་གི་རོ་ཉམས་དང་བརྗོད་བྱ་དོན་གྱིས་ཕྱུག་མིན་སོགས་གང་གི་ཐད་ནས་བལྟས་རུང་། རྣ་བར་སྙན་ཞིང་ཡིད་འཕྲོག་པ་བྱེད་ཅིང་དོན་གྱི་རོ་ཉམས་ཕུན་སུམ་ཚོགས་པའི་ཚིག་སྦྱོར་གྱི་ངག་དོན་དེ་ལས་མ་འདས། གཏམ་བཤད་དེ་དག་ཀྱང་སྐབས་བབ་ཀྱི་བརྗོད་དོན་དངོས་ལ་དམིགས་ཏེ་བརྗོད་ཚུལ་གྱི་ཚིག་སྦྱོར་བསྣོན་འཕྲི་སྒྱུར་བཅོས་སོགས་ཅི་རིགས་བྱེད་ཆོག་ཅིང་། མངོན་བརྗོད་ཀྱིས་བཅིངས་མེད་པས་གོ་བདེ་ཤེས་སླ་ཡིན་མོད། འོན་ཀྱང་དེ་དག་ནི་རིམ་བཞིན་སྙན་ནས་བརྒྱུད་དེ་ཡོང་བས། ངག་གི་ཐོག་ནས་མ་གཏོགས་ཡིག་ཐོག་ཏུ་ཆེན་པོ་འགོད་ཐུབ་མེད་པས་དངོས་རྫས་མ་ཡིན་པའི་མི་རིགས་ཀྱི་རིག་གནས་ཤུལ་བཞག་གི་ཆ་གཏོགས། ངག་གི་སྒྱུ་རྩལ་འདི་རིགས་གང་མང་རྩད་གཅོད་དང་ར་མདའ། འདྲི་རྟོག་དང་ཞིབ་དཔྱད་བགྱི་ནས་ཡིག་ཐོག་སྙན་ངག་རིག་ལམ་དང་འཐད་པར་བརྒྱུད། བོད་མི་རིགས་ཀྱི་དམངས་ཁྲོད་རིག་གནས་འཛིན་སྐྱོང་སྤེལ་གསུམ་གྱི་ལས་ལ་ཤུགས་སྣོན་རྒྱག་ཅི་ནུས་བྱ་དགོས། འདི་ནས་དཔེ་མཚོན་དུ་དམངས་ཁྲོད་ངག་རྒྱུན་གྱི་ཇ་ཡི་འབྱུང་ཁུངས་དང་། ཇ་མཆོད། ཇ་བསྐོལ་དང་གཡང་འབོད་བཅས་བཤད་པ་ཁག་གཅིག་ལ་རྩབ་བཟུང་ནས། གདོད་མའི་ཚིག་སྦྱོར་གྱི་བཀོད་ཚུལ་འགྲིག་མིན་ལ་ཧམ་པ་ཆེ་མདོག་གིས་སྣོན་འཕྲི་བཅོས་སྒྱུར་བརྒྱུད་ཡིག་ཐོག་ཏུ་འགོད་ཁུལ་བྱས་པས། ཤེས་མཉམ་སྐྱེས་ཚོགས་ལ་དྲན་པ་བསྐུལ་བ་དང་། མཁྱེན་ལྡན་སྐྱེས་ཚོགས་ལ་གད་མོ་འདྲེན་ཞིང་ངལ་བའི་གསོས་སུ་འབུལ་ལོ།ཇ་བསྐོལ་གྱི་གཡང་འབོད།ཟངས་དཀར་བཀྲ་ཤིས་ལུང་བརྒྱད་ཐབ་ཐོག་བཙུགས།། ཆུ་ནི་གངས་ཆུ་སྔོན་མོ་ཇ་ཆུ་བླུག། རྒྱ་ཇ་གྲུ་བཞིའི་ནག་རིལ་ཇ་གཅིག་བཏབ། ཚྭ་ལ་བྱང་ཚྭ་དཀར་པོ་འབྲིང་གཅིག་བཏབ།། སྡོར་ལ་འབྲི་མར་སེར་པོ་ཆེ་ཙམ་འཕོངས།། མེ་ཆ་ཐོག་ཟེར་འབུམ་འཕྲོས་མེ་ལྷ་དྲངས།། དྲི་ཞིམ་སྒ་རྗེའི་ཤུག་དམར་བུད་ཤིང་བཀོལ།། གུར་གུམ་མདངས་ལྡན་ཞིམ་མངར་བདུད་རྩི་མཆོད།།ཇ་འབྱུང་དང་འབྲེལ་བའི་གཡང་འབོད། ཇ་དང་པོ་འབྱུང་འབྱུང་གང་ནས་འབྱུང་།། ཇ་དང་པོ་རྒྱ་ནག་ཡུལ་ནས་འབྱུང་།། རྒྱ་བུ་མོ་གསུམ་གྱིས་བཙུགས་པའི་ཇ།། བོད་མགོ་ནག་མི་ཡིས་བཏུང་བའི་ཇ།། ཟངས་དཀར་དམར་གསུམ་ནང་བཙོ་བའི་ཇ།། དཀར་སེང་རས་ནང་ལ་བཅོས་པའི་ཇ།། ཚོང་དཔོན་ནོར་བུ་བཟང་པོས་བསྒྲུབས་པའི་ཇ།། དཀར་པོའི་དངུལ་དང་བརྗེས་པའི་ཇ།། ལམ་འགྲོ་དབང་ཐང་བཟང་བའི་ཇ།། སྨུག་ཆུང་དྲེལ་གྱིས་ཁུར་བའི་ཇ།། ལ་ཆེན་ལ་ཆུང་བརྒལ་བའི་ཇ།། སྤང་ཆེན་སྤང་ཆུང་བརྒྱབ་པའི་ཇ།། ཆུ་བོ་ཆུ་ཕྲན་གཏུབ་པའི་ཇ།། གསེར་སྲང་དངུལ་སྲང་བརྗེས་པའི་ཇ།། ས་བོད་ཡུལ་ཕྱོགས་ལ་ཕོག་པའི་ཇ།། ཡུལ་བསོད་ནམས་ཅན་དུ་ཕོག་པའི་ཇ།། ཐབ་ཀ་རྨ་བྱ་ནང་ལ་བཙུགས་པའི་ཇ།། ལྕགས་ཐབ་མཚོ་མིག་འདྲ་བར་བཙུགས་པའི་ཇ།།ཇ་མཆོད།ཇ་ལ་དང་པོ་གཉིས་པ་གསུམ་སོགས་ཡོད།། ཇ་དང་པོ་ཁང་ཐོག་གནས་རྟེན་བཅུ་དྲུག་དྲངས།། ཇ་གཉིས་པ་བསླུ་མེད་དཀོན་མཆོག་གསུམ་ལ་མཆོད།། ཇ་གསུམ་པ་ཡུལ་ལྷ་གཞི་བདག་རྣམས་ལ་མཆོད།། ཇ་བཞི་བ་ས་མཁས་དཔོན་ཆེན་དག་ལ་མཆོད།། ཇ་ལྔ་བ་རྒན་སྔགས་འཆོང་གསུམ་ལ་དྲངས།། ཇ་དྲུག་པ་སྐུ་དྲིན་ཆེ་བའི་ཕ་མར་མཆོད།། ཇ་བདུན་པ་བུ་བཟང་མགྲོན་ཆུང་རང་ཉིད་འཐུང་།། ནག་རིལ་ཇ་ཡི་བཀྲ་ཤིས་ཤོག །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1