༄༅།། ནུ་མར་ཟུག་གཟེར་ལངས་པ་ནི་ནད་རིགས་གང་དག་གི་ནད་རྟགས་ཡིན་ནམ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 12-08



        ནུ་མར་ཟུག་གཟེར་ལངས་པ་ནི་ནད་རིགས་གང་དག་གི་ནད་རྟགས་ཡིན་ནམ། བུད་མེད་རྣམས་ལ་རྒྱུན་དུ་ནུ་མར་ཟུག་གཟེར་ལངས་པའི་སྣང་ཚུལ་འབྱུང་གིན་འདུག་ནའང་། དེར་དོ་སྣང་ཆེན་པོ་མི་བྱེད་པར་སྣང་མེད་དུ་འཇོག་པའི་གནས་ཚུལ་ཧ་ཅང་མང་། ནུ་མར་ཟུག་གཟེར་ལངས་པ་ལའང་རིགས་མི་འདྲ་བ་སྣ་ཚོགས་ཡོད་པས། གཤམ་དུ་ང་ཚོས་ན་ཚུལ་གང་དག་ལ་མཉམ་འཇོག་བྱེད་དགོས་པའི་སྐོར་གླེང་བར་བྱ།ནད་རིགས་མི་འདྲ་བ་མང་པོ་ཞིག་ལ་ནུ་མར་ཟུག་གཟེར་ལངས་པའི་ནད་རྟགས་འབྱུང་སྲིད་པ་སྟེ། དཔེར་ན་ནུ་མའི་གཉན་ཚད་དང་ནུ་རྩ་འཕར་སྐྱེ། ནུ་སྐྲན་དང་ནུ་འབྲས་སོགས་ནུ་མ་རང་སྟེང་གི་ནད་རིགས་མང་པོར་ནུ་མར་ཟུག་གཟེར་ལངས་པའི་ནད་རྟགས་འབྱུང་བར་མ་ཟད། རྩིབས་མའི་ཕྲུམ་རུས་ཚ་ནད་དང་ཐགས་དབྱིབས་ཆུར་འབྲུམ། སྙིང་གི་ནད་རིགས། མཇིང་ཚིགས་ནད་སོགས་ནུ་མ་རང་སྟེང་གི་ནད་མ་ཡིན་པ་ལའང་ནུ་མར་ཟུག་གཟེར་ལངས་པའི་ནད་རྟགས་འབྱུང་སྲིད།ནུ་མར་ཟུག་གཟེར་ལངས་པའི་དུས་ཡུན་ལ་མཉམ་འཇོག་ལེགས་པོ་བྱེད་དགོས་པ་སྟེ། བུད་མེད་ཁ་ཤས་ལ་ཟླ་རེ་རེའི་ཟླ་མཚན་འབབ་ལ་ཉེ་བའི་སྐབས་སུ་ནུ་མར་ཟུག་གཟེར་ལངས་པའི་གནས་ཚུལ་འབྱུང་བ་དང་། དེ་ལ་འཁོར་ཡུན་རང་བཞིན་ངེས་ཅན་ཞིག་ལྡན་པ་རེད། ཡང་བུད་མེད་ཁ་ཤས་ཤིག་ལ་ཟླ་མཚན་དང་འབྲེལ་བ་གང་ཡང་མེད་པར་མ་ཟད་འཁོར་ཡུན་རང་བཞིན་གང་ཡང་མེད་པའི་སྒོ་ནས་ནུ་མར་ཟུག་གཟེར་ལངས་པ་རེད། འཁོར་ཡུན་རང་བཞིན་ལྡན་པའི་ན་ཟུག་གི་ཉེན་ཁ་ཅུང་ཆུང་། དེ་ནི་དཔེར་ན་བུད་མེད་ལ་ཟླ་མཚན་འབབ་ལ་ཉེ་བའི་སྐབས་སུ་ལུས་སྟེང་གི་མོ་རྒྱུ་སྐུལ་རྩི་ཇེ་མང་དུ་སོང་བའི་དབང་གིས། ནུ་མའི་ཕུང་གྲུབ་དམུ་སྐྲངས་བྱུང་བ་ལས་ནུ་མར་ན་ཟུག་སྐྱེས་པ་ཡིན་པས་ལུས་ཁམས་ཀྱི་སྣང་ཚུལ་རྒྱུན་ལྡན་ཞིག་རེད། འཁོར་ཡུན་རང་བཞིན་མི་ལྡན་པར་དུས་ངེས་མེད་དུ་ན་ཟུག་སྐྱེས་པ་ལ་ཉེན་ཁ་ཆེན་པོ་ལྡན་པས།ངེས་པར་དུ་སྨན་ཁང་ལ་སྟོན་པ་དང་ཆེད་ལས་སྨན་པ་བཙལ་ཏེ་ནད་ངོས་འཛིན་བྱེད་དུ་འཇུག་དགོས། ན་ཟུག་འབྱུང་བའི་གནས་ཀྱི་སྟེང་ནས་བཤད་ན། གནས་གཅིག་ཏུ་ན་ཟུག་སྐྱེས་པའི་གནས་ཚུལ་ཡོད་ལ། གནས་ངེས་མེད་དུ་ན་ཟུག་སྐྱེས་པའི་གནས་ཚུལ་ཡང་འབྱུང་སྲིད། སྤྱིར་བཏང་དུ་བཤད་ན། རྒྱུན་དུ་གནས་གཅིག་ཏུ་ན་ཟུག་སྐྱེས་པའི་ཉེན་ཁ་ཅུང་ཆེ་བ་རེད། གནས་གཅིག་ཏུ་ན་ཟུག་སྐྱེས་པ་ནི་ནུ་འབྲས་དང་ནུ་མའི་གཉན་ཚད་ཀྱི་ནད་རྟགས་ཡིན་སྲིད་པས་དོ་སྣང་ལེགས་པོ་བྱེད་དགོས་པ་དང་།གནས་ངེས་མེད་དུ་ན་ཟུག་སྐྱེས་པ་ནི་ཟླ་མཚན་འབབ་ལ་ཉེ་བའི་སྐབས་ཀྱི་སྣང་ཚུལ་རྒྱུན་ལྡན་ཅན་དང་ཡང་ན་ནུ་རྩ་འཕར་སྐྱེའི་ནད་རྟགས་ཡིན་པས། དེའི་ཉེན་ཁ་ཅུང་ཆུང་བ་རེད། ནུ་མར་ན་ཟུག་སྐྱེས་པའི་གནས་ཚུལ་འབྱུང་སྐབས་བུད་མེད་རྣམས་ཀྱིས་ཐོག་མར་རང་སྟེང་ནས་བརྟག་བཤེར་བྱེད་ཤེས་དགོས། གལ་ཏེ་ནུ་ངོས་ཀྱི་སྐྱི་པགས་དམར་པོར་ཆགས་པ་དང་སྡོད་རྩ་གུག་རྐྱོང་མངོན་གསལ་ཡིན་པ། བྲང་ཁེབས་སྟེང་ཁྲག་ཁུ་དང་ཡང་ན་མདོག་མེད་གཤེར་ཁུ་འབྱར་བ་སོགས་ཀྱི་གནས་ཚུལ་ཡོད་ན། ངེས་པར་དུ་དོགས་ཟོན་བྱེད་དགོས། ནུ་མར་རེག་ན་སྐྲངས་རྡོག་ཡོད་པ་དང་བཙིར་གནོན་བྱས་ན་ཆུ་སེར་བཞུར་བའི་གནས་ཚུལ་འབྱུང་སྐབས། མྱུར་བ་མྱུར་དུ་སྨན་ཁང་དུ་སོང་ནས་སྨན་བཅོས་བྱེད་དགོས་སོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1