ས་ཆ་འདིར་བོད་སྐད་ཀྱི་ཐོག་ནས་ཁ་ལོ་བའི་རྒྱུཊ་གཏོང་ཆོག་གི་འདུག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 12-08



       དུས་ཡུན་རིང་པོའི་ནང་། དཀར་མཛེས་ཁུལ་གྱི་རྫོང་ཁག་སོ་སོའི་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་འཕྲད་པའི་དཀའ་ངལ་ཆེ་ཤོས་ནི་ཁ་ལོ་བའི་ཡིག་རྒྱུགས་འཕྲོད་དཀའ་བ་དེ་རེད། ད་ལོ་ནས་བཟུང་། དཀར་མཛེས་ཁུལ་བྲག་མགོ་རྫོང་ཁམས་བྱང་ཧོར་གྱི་ཁ་ལོ་བའི་སློབ་གྲྭ་ནས་ངས་མང་ཚོགས་ལ་དོན་དག་དངོས་སྒྲུབ་ཅེས་པའི་དགོངས་དོན་ལ་གཞིགས་ཏེ་བོད་སྐད་ཀྱི་སྐད་བརྡའི་དཔེ་རྣམ་དེ་ཁ་ལོ་བའི་རྒྱུགས་ལེན་ནང་བཅུག་ཡོད། 


       ལག་ཁྱེར་མེད་པར་འཁོར་རིགས་གཏོང་བའི་སྣང་ཚུལ་ཇེ་ཉུང་བཏང་ནས་ཚབས་ཆེའི་འགྲིམ་འགྲུལ་བདེ་འཇགས་དོན་རྐྱེན་མ་བྱུང་སྔོན་འགོག་བྱ་ཆེད། བྲག་མགོ་རྫོང་ཁམས་བྱང་ཧོར་གྱི་ཁ་ལོ་བའི་སློབ་གྲྭས་ཡུལ་བབ་དང་བསྟུན་ཞིང་ཕྱོགས་མང་མཐུན་སྦྱོར་བྱས་ཏེ་རྒྱ་སྐད་ཀྱི་སྐད་བརྡའི་མ་ལག་གི་རྨང་གཞིའི་ཐོག་བོད་སྐད་ཀྱི་སྐད་བརྡའི་མ་ལག་གསར་སྣོན་བྱས་ཤིང་། མ་ལག་དེའི་ནང་ཁམས་སྐད་དང་ཨ་མདོའི་སྐད། རྒྱ་རོང་སྐད་བཅས་ཡུལ་སྐད་གསུམ་འདུས་ཡོད། རྒྱུགས་སྤྲོད་སློབ་མས་རྣ་ཉན་སྤྱད་ནས་རང་ལ་འཚམ་པའི་སྐད་རིགས་སམ་ཡུལ་སྐད་བདམས་ཏེ་རྒྱུགས་ལན་འདེབས་ཆོག་གི་ཡོད་པ་རེད། 
       བྱེད་ཐབས་འདིར་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཁྲོད་དགའ་བསུ་ཆེན་པོ་ཐོབ་ཡོད་པ་དང་། བོད་སྐད་སྐད་བརྡའི་མ་ལག་གསར་སྣོན་བྱས་རྗེས། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱིས་གཅིག་རྗེས་གཉིས་མཐུད་ངང་ཁ་ལོ་བའི་རྒྱུགས་སྤྲོད་ཐོ་འགོད་བྱས་པ་དང་། མིག་སྔའི་བར་ཁ་ལོ་བའི་སློབ་གྲྭ་དེར་བོད་སྐད་བོད་ཡིག་གི་ཁ་ལོ་བའི་རྒྱུགས་སྤྲོད་བྱེད་མཁན་675ཟིན་པ་དང་དེའི་ནང་མི་451ཡིག་ཚད་ལོན་ཏེ་བདེ་བླག་ངང་ཁ་ལོ་བའི་ལག་ཁྱེར་བླངས་ཐུབ་ཡོད། ཚང་མས་ད་ནི་ཁ་ལོ་བའི་ལག་ཁྱེར་གྱི་ཡིག་རྒྱུགས་འཕྲོད་རྒྱུ་ནི་འགྲུབ་པར་དཀའ་བའི་རྨི་ལམ་ཞིག་མིན་ཞེས་མགྲིན་གཅིག་ཏུ་བརྗོད་པ་རེད། 


       གཞན་ཡང་། ཁ་ལོ་བའི་སློབ་གྲྭ་དེ་བཙུགས་པ་ནས་བཟུང་བློ་གཅིག་སེམས་གཅིག་ངང་སློབ་མར་ཞབས་འདེགས་ཞུ་བ་དང་། ཡོད་ཚད་སློབ་མའི་ཁེ་ཕན་ལ་གཞིགས་ནས་སློབ་གཉེར་བྱེད་པའི་དམིགས་ཡུལ་གཞིར་བཟུང་སློབ་མའི་ཉལ་ཁང་དང་སློབ་མའི་ཟ་ཁང་བཙུགས་ནས་དཀའ་ངལ་ཡོད་པའི་མི་སྣ་དང་། དམག་ཞབས་ཐིམས་པའི་དམག་མི། ཐག་རིང་ལུང་ཁུག་ས་ཁུལ་གྱི་འབྲོག་པར་རིན་མེད་ངང་ཞག་སྡོད་བྱེད་ས་མཁོ་འདོན་བྱས་པ་མ་ཟད། རྩམ་པ་སོགས་ཀྱི་ཟས་རིགས་ཀྱང་མཁོ་འདོན་བྱེད་ཀྱི་ཡོད་པ་རེད། 
       ལག་ཁྱེར་མེད་པར་རླངས་འཁོར་གཏོང་བ་ནི་འགྲིམ་འགྲུལ་ཁྲིམས་འགལ་གྱི་བྱ་སྤྱོད་ཅིག་ཡིན་པས་དེས་འགྲོ་ལམ་བདེ་འཇགས་ལ་མི་མངོན་པའི་རྐྱེན་ངན་བཟོས་པར་སྣང་ཆུང་བྱེད་མི་རུང་། ཁམས་བྱང་ཧོར་གྱི་ཁ་ལོ་བའི་སློབ་གྲྭས་“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་རྒྱུ་”ཞེས་པ་དམིགས་ཡུལ་དུ་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་ཁ་ལོ་བའི་ལག་ཁྱེར་ལེན་དཀའ་བའི་གནད་དོན་ཐག་གཅོད་བྱེད་རོགས་བྱས་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1