འབྲོག་པའི་ལོ་མཇུག་གི་སྤྲོ་སྣང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 12-10


           ཉེ་ཆར་ཚྭ་ཁ་ཤང་བྱང་སྨད་གྲོང་ཚོའི་འབྲོག་པ་རྣམས་གྲོང་ཚོ་ཨུ་ལྷན་གྱི་སྒོ་རའི་ནང་འཛོམས་ནས་ཕན་ཚུན་གཏམ་བཟང་ཤོད་རེས་བྱེད་ཅིང་ཚང་མའི་གདོང་ལ་དགའ་སྤྲོའི་མཛུམ་མདངས་རྒྱས་་པ་དང་སྤྲོ་སྣང་གིས་ཁེངས་འདུག

            གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན་དེ་ནི་ཚྭ་ཁ་ཤང་བྱང་སྨད་གྲོང་ཚོའི་སྤྱི་ལོ་2021ལོའི་དམངས་ཕན་མཉམ་ལས་ཁང་གིས་མང་ཚོགས་ལ་ཁེ་འབབ་བགོ་བའི་ཚོགས་རའི་སྤྲོ་སྣང་རེད་འདུག
           དམངས་ཕན་མཉམ་ལས་ཁང་དུ་ཞུགས་མཁན་དུད་ཚང་583ཡོད་པ་དང་མང་ཚོགས་མི་གྲངས་2491ཡོད། ལོ་མཇུག་གི་ཁེ་འབབ་དངུལ་དམར་རང་ཉིད་ཀྱི་ལག་ཏུ་རག་རྗེས་མང་ཚོགས་རྣམས་ཀྱིས་ཉེ་བའི་ལོ་ཤས་རིང་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་དོ་ཁུར་འོག་ལག་བསྟར་བྱས་པའི་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་མཐོར་གཏོང་བྱེད་ཐབས་དང་སྲིད་ཇུས་རབ་དང་རིམ་པར་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུས་འདུག

           དམངས་ཕན་དམངས་ཕྱུག་གི་སྲིད་ཇུས་བཟང་པོའི་འོག་ལམ་བུ་ཉམས་གསོ་དང་། སྡོད་ཁང་འཛུགས་སྐྲུན། འབྲོག་ལས་དཔལ་འབྱོར་གོང་འཕེལ། འབྲོག་ཁུལ་བསྒྱུར་བཅོས་དང་འབྲོག་ལས་ཐོན་རྫས་གཅིག་གྱུར་ཉོ་སྒྲུབ་བྱས་པ་བརྒྱུད་འབྲོག་ཁུལ་མང་ཚོགས་ཀྱི་ཡོང་འབབ་མཐོར་གཏོང་གང་ལེགས་བྱས་ཡོད། ལྷག་པར་དུ་དམངས་ཕན་མཉམ་ལས་ཁང་བཙུགས་ནས་འབྲོག་ཁུལ་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་གོང་མཐོར་གཏོང་རྒྱུ་འགན་སྲུང་བྱས་ཡོད། 

      ཐེངས་འདིའི་དམངས་ཕན་མཉམ་ལས་ཁང་གི་ཁེ་འབབ་བགོ་བའི་སྤྱི་འབོར་དངུལ་དམར་སྒོར་ཁྲི་249ལྷག་ཙམ་ཟིན་གྱི་ཡོད་པ་དེ་ནི་བྱང་སྨད་གྲོང་ཚོས་ཐུན་མོང་ཕྱུག་འགྱུར་ལམ་བུའི་ཐོག་བསྐྱོད་པའི་ལོ་རྒྱུས་རང་བཞིན་གྱི་དཔང་རྟགས་ལྟ་བུ་ཞིག་ཏུ་འགྱུར་ཡོད་པ་དང་། དམངས་ཕན་མཉམ་ལས་ཁང་དེ་དམངས་དར་དང་། དམངས་ཕྱུག དམངས་བདེ་བཅས་ཀྱི་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་སུ་བསྐྱོད་པའི་རེ་བ་བཅོལ་ས་ཞིག་ཏུ་འགྱུར་ཡོད།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1