ལོ་19གོང་དཔལ་ཡུལ་རྫོང་ནས་བྱུང་བའི་མི་བསད་གྱོད་གཞི་ཞིག་རྩད་ཆོད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 12-14


     ཉེ་ཆར། བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་གི་ཉེན་རྟོག་པ་དང་སི་ཁྲོན་དཀར་མཛེས་ཁུལ་དཔལ་ཡུལ་རྫོང་གི་ཉེན་རྟོག་པས་ལོ་19ཡི་གོང་གི་མི་གསོད་གྱོད་གཞི་ཞིག་རྩད་གཅོད་ཐུབ་པ་དང་། ཉེས་བསགས་དོགས་ཡོད་མི་སྣ་ཚེ་ཆེ་གེ་མོ་ཁྲིམས་རྒྱར་ཚུད་པ་དང་བསྟུན་ནས། ལོ་19ཡི་གོང་གྲི་ཁྱེར་ནས་མི་བསད་པའི་གྱོད་གཞི་དེ་རྩད་གསལ་པོ་ཆོད་པ་རེད།
     དེ་ཡང་སྤྱི་ལོ་2002ལོའི་ཟླ་བ་1པོའི་ཚེས་6ཉིན། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དཔལ་ཡུལ་རྫོང་གི་བོགས་གཏོང་ཁང་པ་ཞིག་ནང་གྲི་བཙུགས་ཏེ་མི་བསད་པའི་གྱོད་གཞི་ཞིག་ཐོན་པ་དང་། གྱོད་གཞི་ཐོན་རྗེས་ཉེས་བསགས་དོགས་ཡོད་མི་སྣ་ཚེ་ཆེ་གེ་མོ་བྲོས་བྱོལ་དུ་ཕྱིན་པ་རེད། སྐབས་དེའི་ལས་ཀའི་ཆ་རྐྱེན་དང་མྱུལ་ཞིབ་བྱ་ཐབས་སོགས་ཀྱི་ཚོད་འཛིན་མང་པོ་ཕོག་པའི་རྐྱེན་གྱིས། ཉེས་ཅན་འཛིན་བཟུང་ལས་དོན་ལ་འགག་གཏོར་རང་བཞིན་གྱི་གྲུབ་འབྲས་ཐོན་མེད་པ་རེད།
     དེ་ནས་ལོ་མང་སོང་རྗེས། བོད་ལྗོངས་ཉིང་ཁྲི་སྣང་རྫོང་གི་ཉེན་རྟོག་པ་དང་སི་ཁྲོན་དཔལ་ཡུལ་རྫོང་གི་ཉེན་རྟོག་པ་འབྲེལ་བ་བྱུང་བ་དང་། དཔལ་ཡུལ་རྫོང་ཉེན་རྟོག་ཅུད་ནས་ལོ་མང་རིང་བཙལ་འཚོལ་བྱེད་པའི་ཉེས་བསགས་དོགས་ཡོད་མི་སྣ་ཚེ་ཆེ་གེ་མོ་ཟེར་བ་དེ་སྣང་རྫོང་གྲོང་མདའ་གྲོང་རྡལ་དུ་འཚོ་སྡོད་བྱེད་ཅིང་། ཕ་ཡུལ་ཆབ་མདོ་སྨར་ཁམས་དང་། མིང་ལ་བཀྲ་ཆེ་གེ་མོ་ཟེར་གྱི་ཡོད་ཟེར་མཁན་མི་དེ་ཤིན་ཏུ་འདྲ་པོ་ཡོད་པ་ཤེས།
     དེ་ནས་སྣང་རྫོང་གི་ཉེན་རྟོག་ཕྱོགས་ནས་སྔོན་འགྲོའི་མྱུལ་ཞིབ་ཞིབ་བསྡུར་ལེགས་པར་བྱས་རྗེས། སྤྱི་ལོ་2021ལོའི་ཟླ་11པའི་ཚེས་13ཉིན། སི་ཁྲོན་དཔལ་ཡུལ་རྫོང་གི་ཉེན་རྟོག་པ་སྣང་རྫོང་དུ་འབྱོར་བ་དང་། སྣང་རྫོང་གི་ཉེན་རྟོག་པའི་རམ་འདེགས་འོག ལོ་19ཡི་གོང་ནས་བྲོས་བྱོལ་དུ་ཕྱིན་པའི་མི་བསད་ཉེས་བསགས་དོགས་ཡོད་མི་སྣ་ཚེ་ཆེ་གེ་མོ་འཛིན་བཟུང་བྱས།
     འདྲི་ཞིབ་བྱས་པར་བརྒྱུད། ཚེ་ཆེ་གེ་མོས་སྤྱི་ལོ་2002ལོར་གྲི་ཁྱེར་ནས་མི་བསད་པ་དང་། དེ་རྗེས་གཞིས་ཁུངས་ཆ་འཕྲིན་རྫུན་མ་བཟོས་ནས་བྲོས་བྱོལ་དུ་ཕྱིན་པའི་དོན་དངོས་སྦ་གསང་མེད་པར་ཁས་ལེན་བྱས། མཐར་ཚེ་ཆེ་གེ་མོ་སི་ཁྲོན་དཔལ་ཡུལ་སྤྱི་བདེ་ཅུད་ལ་རྩིས་སྤྲོད་བྱས། དེ་ལྟར་ལོ་19ཡི་གོང་གི་མི་བསད་གྱོད་གཞི་དེ་རྩད་ཆོད་པར་གྱུར།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1