ཆོས་ལུགས་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་དགོས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 12-15



—— སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་ཆོས་ལུགས་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུའི་སྐོར་གླེང་བ།
འདི་ག་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།

        རྒྱལ་ཡོངས་ཀྱི་ཆོས་ལུགས་ལས་དོན་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཆོས་དད་རང་མོས་སྲིད་ཇུས་འཐུས་སྒོ་ཚང་བ་དང་། ཡང་དག་པ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་བ་དང་། མང་ཚོགས་ཀྱིས་ཆོས་ལ་དད་པ་བྱེད་པར་བརྩི་འཇོག་བྱེད་པ། ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པ། རང་ཚུགས་དང་། རང་བརྟེན། རང་གཉེར་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བཅས་བྱས་ནས། ཆོས་ལུགས་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་དགོས་པའི་ནན་བཤད་གནང་བ་རེད།
        ཏང་གི་ཆོས་ལུགས་ལས་དོན་གྱི་ངོ་བོ་ནི་མང་ཚོགས་ཀྱི་ལས་དོན་རེད། ཆོས་དད་རང་མོས་སྲིད་ཇུས་ལག་ལེན་བསྟར་བའི་འགོ་འཛུགས་ས་དང་དོན་ལ་བབས་ས་ནི་རྒྱ་ཆེའི་དད་ལྡན་པ་དང་ཆོས་ལ་དད་པ་མི་བྱེད་མཁན་རྣམས་ཚད་གཞི་ཆེ་ཤོས་ཀྱི་སྒོ་ནས་མཐུན་སྒྲིལ་ཐུབ་པ་བྱ་རྒྱུ་དེ་ཡིན། ཆོས་ལུགས་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་པར། བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལས་དོན་ཡག་པོ་སྒྲུབ་དགོས། དད་ལྡན་མང་ཚོགས་ཚོས་མེས་རྒྱལ་ལ་དགའ་ཞེན་དང་། མི་དམངས་ལ་དགའ་ཞེན། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་། ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་ཆེ་མོ་སྲུང་སྐྱོང་། རྒྱལ་ཁབ་ཀྱི་ཆེས་མཐོའི་ཁེ་ཕན་དང་ཀྲུང་ཧྭ་མི་རིགས་སྤྱི་ཡོངས་ཀྱི་ཁེ་ཕན་ལ་བསྟུན་པ་དང་དེར་ཞབས་འདེགས་ཞུ་བ་བཅས་བྱེད་པར་ཁྲིད་སྟོན་བྱེད་དགོས་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་བརྩི་བཀུར་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་བརྩི་བཀུར་ཞུས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་དུ་བསྐྱོད་རྒྱུ་མཐའ་འཁྱོངས་བྱེད་དགོས་པ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་ལེན་ཧུར་ཐག་བསྟར་ནས་ཀྲུང་ཧྭའི་རིག་གནས་དར་སྤེལ་བཏང་སྟེ་ཆོས་ལུགས་ཀྱི་བསྟན་དོན་དེ་ཀྲུང་ཧྭའི་རིག་གནས་དང་མཉམ་འདྲེས་ཧུར་ཐག་ཡོང་བ་བྱེད་དགོས་པ། རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་སྲུང་བརྩི་ཞུས་ཏེ་རྒྱལ་ཁབ་ཀྱིས་ཁྲིམས་ལྟར་དོ་དམ་བྱེད་རིགས་རང་རྟོགས་ངང་དང་ལེན་ཞུ་དགོས་པ། སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ནང་ཞུགས་ཏེ་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་དགོས་པ་བཅས་རེད།
        ཆོས་ལུགས་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་པར། “ཁྲིད་སྟོན”གྱི་རྣམ་འགྱུར་ཐོག་ནས་ཆོས་ལུགས་ལ་ལྟ་སྟངས་འཛིན་རྒྱུ་མཐའ་འཁྱོངས་བྱེད་དགོས། ཆོས་ལུགས་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་བྱེད་པའི་བརྒྱུད་རིམ་ནི་མཐུན་རྐྱེན་སྐུལ་སློང་དང་འགལ་རྐྱེན་བཀག་འགོག་བྱེད་པའི་བརྒྱུད་རིམ་ཞིག་ཡིན་དགོས། ཆོས་ལུགས་ཀྱི་སྤྱི་ཚོགས་ནུས་པར་རྩོད་སྒྲུབ་སྒོ་ནས་ལྟ་སྟངས་འཛིན་པ་དང་། བབ་བསྟུན་སྣེ་ཁྲིད་དང་དགེ་སྤེལ་སྐྱོན་སྤངས་བྱས་ཏེ་ཆོས་ལུགས་ཀྱིས་སྤྱི་ཚོགས་ཞི་མཐུན་དང་། མི་རིགས་མཐུན་སྒྲིལ། མེས་རྒྱལ་གཅིག་གྱུར་བཅས་ལ་སྐུལ་འདེད་གཏོང་བར་ཞབས་འདེགས་ཞུ་རྒྱུར་ཁྲིད་སྟོན་བྱེད་དགོས། “ཁྲིད་སྟོན”ཐད་བསམ་གཞིག་གཏིང་ཟབ་དང་། མཐའ་གསལ་མཐིལ་རྟོགས། གནད་ལ་འཁེལ་བ་བཅས་བྱས་ཏེ“ཁྲིད་སྟོན”ལ་ཐབས་བཟང་ཡོད་པ་དང་། “ཁྲིད་སྟོན”ལ་ནུས་ཤུགས་ལྡན་པ། “ཁྲིད་སྟོན”ལ་ཕན་འབྲས་ཐོན་པ་བཅས་ཀྱི་སྒོ་ནས་ཆོས་ལུགས་ལས་དོན་གྱི་རང་འགུལ་དབང་ཆ་སྟངས་འཛིན་ནན་པོ་བྱེད་དགོས།
        ཆོས་ལུགས་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་པར། ཆོས་ལུགས་ལས་དོན་བཅོས་སྐྱོང་གི་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས། ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པ་ནི་འཛམ་གླིང་རྒྱལ་ཁབ་མང་ཆེ་བར་ཡོངས་ཁྱབ་ངང་སྤྱོད་པའི་བྱེད་སྟངས་ཤིག་ཡིན་ལ། ཆོས་ལུགས་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་བྱེད་པར་ངེས་པར་དུ་བརྒྱུད་དགོས་པའི་ལམ་བུ་ཞིག་ཀྱང་རེད། ཆོས་ལུགས་ལས་དོན་གྱི་ཁྲིམས་སྐྱོང་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་དགོས། ཆོས་ལུགས་བྱེད་སྒོ་བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་འབེབས་བྱས་པའི་ཁྱབ་ཁོངས་ནང་སྤེལ་བ་ལས། སྤྱི་དམངས་ཀྱི་གཟུགས་གཞི་བདེ་ཐང་ལ་གནོད་འཚེ་གཏོང་མི་རུང་བ་དང་། སྤྱི་པའི་སྒྲིག་ལམ་དང་སྲོལ་རྒྱུན་བཟང་པོ་ལས་འགལ་མི་རུང་བ། སློབ་གསོ་དང་། ཁྲིམས་འཛིན། སྲིད་འཛིན་འགན་ནུས། སྤྱི་ཚོགས་འཚོ་བ་བཅས་ལ་ཐེ་ཇུས་བྱེད་མི་རུང་།
        ཆོས་ལུགས་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་པར། “དཔུང་ཁག་གསུམ”གསོ་སྐྱོང་ཡག་པོ་བྱེད་དགོས། མར་ཁེ་སི་རིང་ལུགས་ཀྱི་ཆོས་ལུགས་ལྟ་བ་བྱང་ཆུབ་པ་དང་། ཆོས་ལུགས་ལས་དོན་ལ་རྒྱུས་མངའ་ཆེ་བ། དད་ལྡན་མང་ཚོགས་ཀྱི་ལས་དོན་སྒྲུབ་མཁས་པ་བཅས་ཀྱི་ཏང་སྲིད་ལས་བྱེད་པའི་དཔུང་ཁག་ཅིག་གསོ་སྐྱོང་བྱས་ཏེ། ཁོང་ཚོ་མར་ཁེ་སི་རིང་ལུགས་ཀྱི་ཆོས་ལུགས་ལྟ་བ་དང་། ཏང་གི་ཆོས་ལུགས་ལས་དོན་གྱི་རིགས་པའི་གཞུང་ལུགས་དང་མཛད་ཕྱོགས་སྲིད་ཇུས། ཆོས་ལུགས་ཀྱི་ཤེས་བྱ་བཅས་སློབ་སྦྱོང་གཏིང་ཟབ་བྱེད་དུ་བཅུག་ནས་ཁྲིད་སྟོན་གྱི་ནུས་པ་རྒྱུན་མི་ཆད་པར་ཆེ་རུ་གཏོང་དགོས། ཆབ་སྲིད་ཐད་བློས་འགེལ་ཆོག་པ་དང་། ཆོས་ལུགས་ཐད་ཐོས་བསམ་ཟབ་པ། སྤྱོད་ལམ་ཐད་དམངས་མགུ་བ། འགག་རྩའི་དུས་ནུས་པ་ཐོན་པ་བཅས་ཀྱི་ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣའི་དཔུང་ཁག་ཅིག་གསོ་སྐྱོང་བྱས་ཏེ། དད་ལྡན་མང་ཚོགས་ལ་ཁྲིད་སྟོན་དང་ཆོས་ལུགས་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་སྐུལ་འདེད་གཏོང་རིང་ཁོང་ཚོའི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་ཡག་པོ་ཐུབ་པ་བྱེད་དགོས། བསམ་བློ་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པ་དང་། མར་ཁེ་སི་རིང་ལུགས་ཀྱི་ཆོས་ལུགས་ཀྱི་ལྟ་བ་མཐའ་འཁྱོངས་བ། སློབ་སྲོལ་བཟང་བ། གསར་གཏོད་བྱེད་མཁས་པ་བཅས་ཀྱི་ཆོས་ལུགས་རིག་པའི་ཞིབ་འཇུག་དཔུང་ཁག་ཅིག་གསོ་སྐྱོང་བྱས་ནས་མར་ཁེ་སི་རིང་ལུགས་ཀྱི་ཆོས་ལུགས་རིག་པའི་རིག་ཚན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས།
        ཆོས་ལུགས་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་པར། ཆོས་ལུགས་ལས་རིགས་ཀྱི་རང་ངོས་དོ་དམ་ཆུ་ཚད་མཐོ་རུ་གཏོང་དགོས། ཆོས་ལུགས་ལས་རིགས་ཀྱིས་རང་ངོས་སློབ་གསོ་དང་། རང་ངོས་དོ་དམ། རང་ངོས་གཅུན་འདོམས་བཅས་ལ་ཤུགས་སྣོན་རྒྱག་པར་རྒྱབ་སྐྱོར་དང་ཁྲིད་སྟོན་བྱས་ཏེ། ཕྱོགས་ཡོངས་ནས་ཆོས་ལུགས་ནན་སྐྱོང་དང་། སྣེ་ཁྲིད་དེ་ཁྲིམས་སྲུང་སྒྲིག་བཀུར་བྱེད་པ། ཆོས་ལུགས་ཀྱི་བློ་སྦྱོང་ཟབ་ཏུ་གཏོང་བ་བཅས་བྱེད་དགོས། ཆོས་ལུགས་ཚོགས་པའི་རང་ངོས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་འགོ་ཁྲིད་ཚན་ཁག་གི་ཁོངས་མིའི་དམངས་གཙོའི་ལྟ་སྐུལ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1