བོད་ལྗོངས་སུ་རྟེན་རྫས་བཤམས་མཛོད་ཁང་གསར་པ་ཞིག་གི་སྒོ་ཕྱེས་འདུག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 12-16



          བོད་ལྗོངས་བཟོ་ལས་རྟེན་རྫས་བཤམས་མཛོད་ཁང་ནི་བོད་རང་སྐྱོང་ལྗོངས་ཀྱིས་རྣམ་གྲངས་བཙུགས་ནས་མ་རྩ་བཞག་པའི་སྤྱི་པའི་རིག་གནས་ཞབས་ཞུའི་རྣམ་གྲངས་གལ་ཆེན་ཞིག་ཡིན་ཞིང་། རྟེན་རྫས་བཤམས་མཛོད་ཁང་འདི་བཙུགས་པ་ལས་བོད་ལྗོངས་ཀྱི་བཟོ་ལས་རིགས་ཀྱི་ཕྱོགས་བསྡུས་རྟེན་རྫས་བཤམས་མཛོད་ཁང་གི་སྟོང་ཆ་བསྐངས་ཡོད། རྟེན་རྫས་བཤམས་མཛོད་ཁང་གི་མ་གཞིའི་འཛུགས་སྐྲུན་ནི་ལྷ་སའི་ཨར་འདམ་བཟོ་གྲྭའི་ཁང་པའི་རྨང་གཞིའི་ཐོག་རྒྱ་བསྐྱེད་པ་ཞིག་ཡིན་པ་དང་། རྒྱ་ཁྱོན་ལ་སྨི་གྲུ་བཞི་མ2780ལྷག་ཙམ་ཟིན་ཞིང་། ཁྱོན་མ་དངུལ་སྒོར་ཁྲི2900ལྷག་ཙམ་བཏང་། རིགས་ཁག་གི་བཟོ་ལས་འགྲེམས་རྫས300ལྷག་ཙམ་བསྡུ་རུབ་བྱས་པ་དང་། དངོས་སུ་སྒོ་ཕྱེས་རྗེས་སྤྱི་དམངས་ཀྱིས་རིན་མེད་ངང་ལྟ་སྐོར་བྱ་ཆོག

          བོད་ལྗོངས་བཟོ་ལས་རྟེན་རྫས་བཤམས་མཛོད་ཁང་གིས“སྤྱི་ཚོགས་རྙིང་པ་དང་། ཞི་བས་བཅིངས་འགྲོལ་བཏང་རྗེས། བཅོས་བསྒྱུར་སྒོ་འབྱེད་བྱས་ཚུན། དུས་རབས་གསར་པར་སླེབས་པ།”བཅས་ཀྱི་དུས་ཚོད་ཁག་དབྱེ་སྟེ། བོད་ལྗོངས་ཀྱི་དེང་རབས་ཅན་གྱི་བཟོ་ལས་འཕེལ་རྒྱས་ཁྲོད་གསར་དུ་བསྐྲུན་པའི་འོད་སྟོང་འཕྲོ་བའི་དངོས་པོའི་གྲུབ་འབྲས་དང་རྩ་ཆེའི་བསམ་པའི་རྒྱུ་ནོར་གཅིག་སྡུད་ཐོག་མངོན་པར་མཚོན་པ་དང་། བོད་ལྗོངས་ཀྱི་བཟོ་ལས་འཕེལ་རྒྱས་ཏེ་ཆིང་རྒྱལ་རབས་ཀྱི་དུས་མཇུག་དང་ཀྲུང་ཧྭ་མིན་གོའི་དུས་མགོའི་ཐོག་མའི་རྣམ་པ་ནས་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པའི་དར་རྒྱས་ཀྱི་རྣམ་པ་མངོན་ཡོད།  

ལྟ་སྐོར་བྱེད་འདོད་པའི་གྲོགས་པོ་ཚོ་མྱུར་དུ་ཕེབས་ཤོག
          བོད་ལྗོངས་བཟོ་ལས་རྟེན་རྫས་བཤམས་མཛོད་ཁང་གི་ས་གནས་ནི། པེ་ཅིང་ནུབ་ལམ་ཨང133པ།(དེ་སྔའི་ལྷ་ས་ཨར་འདམ་བཟོ་གྲྭ་རྙིང་པ།)

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1