ཞི་ཅིན་ཕིང་གིས་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་བརྙན་ལམ་ཐོག་ནས་ཞལ་འཛོམས་གནང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 12-17




ཟླ་12ཚེས་15ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་བརྙན་ལམ་ཐོག་ནས་ཞལ་འཛོམས་གནང་བ།


ཟླ་12ཚེས་15ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་བརྙན་ལམ་ཐོག་ནས་ཞལ་འཛོམས་གནང་བ།

        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཟླ་12ཚེས་15ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་བརྙན་ལམ་ཐོག་ནས་ཞལ་འཛོམས་གནང་བ་རེད།
        ཞི་ཅིན་ཕིང་གིས་བསྟན་དོན། འདི་ལོའི་ལོ་མཇུག་ཏུ་ཁྱེད་དང་བརྙན་ལམ་ཐོག་ནས་ཞལ་འཛོམས་ཐེངས་གཉིས་པ་བྱ་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། དེ་ཡང་2013ལོ་ཚུན་དུ་ང་ཚོ་ཞལ་འཛོམས་གནང་ཐེངས་སོ་བདུན་པ་དེ་ཡིན། ཁྱེད་ཀྱིས་ཚོགས་ར་མང་པོར་ཀྲུང་ཨུའི་འབྲེལ་བ་ནི“དུས་རབས་21པའི་རྒྱལ་ཁབ་དབར་གྱི་མཉམ་ལས་ཀྱི་དཔེ་མཚོན་ཞིག”ཡིན་ཞེས་བསྔགས་བརྗོད་གནང་བ་མ་ཟད། ཀྲུང་གོ་ཕྱོགས་ཀྱིས་རང་རྒྱལ་ཁབ་ཀྱི་ལྟེ་བའི་ཁེ་ཕན་ལ་སྲུང་སྐྱོང་བྱེད་པར་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་དང་། ཀྲུང་ཨུའི་འབྲེལ་བར་དཀྲུག་ཤིང་རྒྱག་པའི་ལྐོག་གཡོར་ངོ་རྒོལ་གནང་ཡོད། དེའི་ཐད་ངས་ཚད་མཐོའི་བསྔགས་བརྗོད་ཞུ་རྒྱུ་ཡིན་ལ། ཁྱེད་དང་མཉམ་དུ་འདི་ལོའི་ཕྱོགས་གཉིས་པོའི་འབྲེལ་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་པར་ཕྱོགས་ཡོངས་ནས་ཕྱོགས་སྡོམ་དང་ཁྱབ་ཁོངས་ཁག་གི་མཉམ་ལས་ཐད་འཆར་འགོད་གསར་པ་བཟོས་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་མུ་མཐུད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད།
        ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། དེང་སྐབས་འཛམ་གླིང་ལ་ལོ་བརྒྱའི་འགྱུར་ལྡོག་དང་དུས་རབས་རིམས་ནད་ཀྱི་ཤུགས་རྐྱེན་ཉིས་བརྩེགས་རྐྱེན་གྱིས་འཛམ་གླིང་འདི་ཉིད་ཡམ་ཡོམ་འཕོ་འགྱུར་གྱི་དུས་སྐབས་སུ་སླེབས་ཡོད། ཀྲུང་ཨུའི་འབྲེལ་བར་ཚོད་བགམ་སྣ་ཚོགས་ཐེག་ནས་སྐྱེ་སྟོབས་ཀྱི་གསོན་ཤུགས་གསར་པ་མངོན་ཡོད། ང་དང་སྐུ་ཞབས་ཙུང་ཐུང་ཕྱོགས་དང་ཐབས་ལམ་སྣ་ཚོགས་བརྒྱུད་གྲོས་གཞི་གལ་ཆེན་ཐད་འབྲེལ་གཏུག་དང་མཐུན་སྦྱོར་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་མཉམ་དུ་ཀྲུང་ཨུའི་འབྲེལ་བའི་ཁ་ཕྱོགས་སྟངས་འཛིན་བྱས་ཡོད། ཕྱོགས་གཉིས་པོས《ཀྲུང་གོ་དང་ཨུ་རུ་སུའི་ཁྱིམ་མཚེས་རྒྱལ་ཁབ་མཛའ་གྲོགས་ཀྱི་མཉམ་ལས་ཆིངས་ཡིག》དུས་འགྱངས་བྱ་རྒྱུ་དངོས་སུ་ཁྱབ་བསྒྲགས་བྱས་པ་དང་འབྲེལ་དེར་དུས་རབས་ཀྱི་ནང་དོན་གསར་པ་བསྣན་པ་མ་ཟད། ཕྱོགས་གཉིས་པོའི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་བློ་བརྟན་འགྱུར་མེད་ངང་ཕན་ཚུན་རྒྱབ་སྐྱོར་བྱས་ནས་རང་སོ་སོའི་རྒྱལ་ཁབ་ཀྱི་ལ་རྒྱ་དང་རྒྱལ་ཁབ་གཉིས་པོའི་ཐུན་མོང་གི་ཁེ་ཕན་སྲུང་སྐྱོང་བྱས་ཡོད།
        ཞི་ཅིན་ཕིང་གིས་བསྟན་དོན། སང་ལོར་ཀྲུང་གོ་གུང་ཁྲན་ཏང་གིས་ཚོགས་ཆེན་ཉི་ཤུ་པ་འཚོག་རྒྱུ་དང་ཨུ་རུ་སུ་ཡང《2030ལོའི་གོང་དུ་རྒྱལ་ཁབ་ཀྱི་འཕེལ་རྒྱས་དམིགས་ཚད》དོན་འཁྱོལ་བྱེད་པའི་འགག་རྩའི་དུས་སྐབས་སུ་སླེབས་རྒྱུ་རེད། ཕྱོགས་གཉིས་པོ་ཕན་ཚུན་སྒོ་དབྱེའི་གོ་སྐབས་མཉམ་སྤྱོད་བྱ་རྒྱུ་མཐའ་འཁྱོངས་དང་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་རིམ་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་པ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་ཆེད་ནུས་པ་འདོན་སྤེལ་བྱེད་དགོས།
        ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཟླ་གཅིག་ཙམ་སོང་རྗེས་ཁྱེད་ཀྱིས་ཀྲུང་གོར་འཚམས་འདྲི་གནང་རྒྱུ་དང་འབྲེལ་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འགོ་ཚུགས་མཛད་སྒོར་ཞུགས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཀྲུང་གོ་ཕྱོགས་ཀྱིས་གཉེར་བའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་རྒྱབ་སྐྱོར་གནང་བ་མཚོན་པ་བྱ་རྒྱུ་རེད། པེ་ཅིང་ཡང་འཛམ་གླིང་ཐོག་དབྱར་དུས་ཨོ་རྩལ་འགྲན་ཚོགས་གཉེར་མྱོང་བ་དང་དགུན་དུས་ཨོ་རྩལ་འགྲན་ཚོགས་གཉེར་མྱོང་བའི་གྲོང་ཁྱེར་དང་པོར་འགྱུར་རྒྱུ་རེད། མིག་སྔར་ང་ཚོས“སྟབས་བདེ་དང་། བདེ་འཇགས། ངོ་མཚར་ཅན”བཅས་ཀྱི་རྩ་དོན་གཞིར་བཟུང་ནུས་ཤུགས་ཡོད་རྒུས་གྲ་སྒྲིག་བྱེད་བཞིན་ཡོད་པ་དང་ལས་དོན་ཁག་གཞི་རྩའི་ཆ་ནས་ལེགས་གྲུབ་ཟིན་ཡོད། ང་ཚོས་ཨོ་རྩལ་འགྲན་ཚོགས་བརྒྱུད་ཕན་ཚུན་འཚམས་འདྲི་བྱ་རྒྱུ་དང་སང་ལོ་དང་གནངས་ལོར་ཀྲུང་ཨུ་རྒྱལ་ཁབ་གཉིས་པོས་ད་དུང་ཀྲུང་ཨུའི་ལུས་རྩལ་སྤེལ་རེས་ལོ་གཉེར་རྒྱུ་ཡིན། དེ་གོ་སྐབས་སུ་བྱས་ཏེ། ལུས་རྩལ་སྤེལ་རེས་དེ་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་ཕན་ཚུན་ཤེས་རྟོགས་དང་མཛའ་གྲོགས་ཟབ་ཏུ་གཏོང་བའི་སྦྲེལ་ཟམ་དང་སྒྲོག་ཐག་ལྟ་བུར་འགྱུར་བ་བྱེད་དགོས། ཁྱེད་ད་ཐེངས་ཀྲུང་གོར་འཚམས་འདྲི་གནང་བ་དེ་ཡང་ཉེ་བའི་ལོ་གཉིས་རིང་ང་ཚོ་དྲ་ཕྱི་ནས་ཞལ་འཛོམས་བྱེད་ཐེངས་དང་པོ་དེ་ཡིན། སྐབས་དེ་དུས་ངས་ཁྱེད་དང་མཉམ་དུ་ཕྱོགས་གཉིས་པོའི་འབྲེལ་བ་དང་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་སྤེལ་རེས་གཏིང་ཟབ་བྱ་རྒྱུའི་རེ་སྒུག་བྱེད་བཞིན་ཡོད་ལ། ང་ཚོའི་དབར་ཐུན་མོང་གི་ངོས་འཛིན་གལ་ཆེན་གསར་པ་དེ་བས་མང་བ་འགྲུབ་རྒྱུའི་ཡིད་ཆེས་ཀྱང་ཡོད། ངས་ང་ཚོའི“དགུན་དུས་ཨོ་རྩལ་མཉམ་འཛོམས”ལ་རེ་སྒུག་ཆེན་པོ་བྱེད་བཞིན་ཡོད་ལ། ཁྱེད་དང་ལག་གདང་སྦྲེལ་ནས“མཉམ་དུ་འབྱུང་འགྱུར་ལ་ཕྱོགས”ཏེ་རིམས་ནད་རྗེས་ཀྱི་དུས་སྐབས་ཀྱི་ཀྲུང་ཨུའི་འབྲེལ་བའི་ལེའུ་གསར་པ་མཉམ་དུ་གཏོད་འདོད་ཡོད།
        ས་ཁུལ་གྱི་མཉམ་ལས་སྐོར་ལ་ཞི་ཅིན་ཕིང་གིས་བསྟན་དོན། ཧྲང་ཧའེ་མཉམ་ལས་རྩ་འཛུགས་བཙུགས་ནས་ལོ་20སོང་རིང་། ཀྲུང་ཨུ་རྒྱལ་ཁབ་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཆུ་ཚད་མཐོ་བའི་འཐབ་ཇུས་རོགས་ལས་རྒྱུན་འཁྱོངས་བྱས་ཏེ་ཁོངས་མིའི་རྒྱལ་ཁབ་གཞན་དང་མཉམ་དུ“ཧྲང་ཧའེ་སྙིང་སྟོབས”ལ་བློ་བརྟན་འགྱུར་མེད་ངང་བརྩི་སྲུང་ཞུས་ནས་མཐུན་སྒྲིལ་དང་ཕན་ཚུན་ཡིད་ཆེས་རྒྱུན་ཆད་མེད་པར་ཟབ་ཏུ་དང་ཁྱབ་ཁོངས་ཁག་གི་མཉམ་ལས་ཟབ་ཏུ་བཏང་ཡོད།
        ཕྱོགས་གཉིས་པོས་རྩ་འཛུགས་འདིའི་ཁོངས་མིའི་རྒྱལ་ཁབ་ཁག་གིས་རྒྱལ་ནང་གི་ཆབ་སྲིད་གྲོས་རིམ་གལ་ཆེན་ལ་བརྟན་པོའི་ངང་སྐུལ་འདེད་གཏོང་བར་རྒྱབ་སྐྱོར་བྱེད་དགོས་ལ། ཕྱིའི་ཕྱོགས་གཏོགས་ཀྱིས་བྱ་བ་གང་རུང་ལ་ཁ་གཡར་ནས་ས་ཁུལ་དང་རྒྱལ་ཁབ་ཀྱི་ནང་སྲིད་ལ་ཐེ་ཇུས་བྱེད་རྒྱུ་གཏན་འགོག་བྱེད་དགོས། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་འཕེལ་རྒྱས་ཁ་ཕྱོགས་ཡང་དག་སྟངས་འཛིན་ནན་པོ་བྱས་ཏེ། མཐུན་སྒྲིལ་མཉམ་ལས་དང་། བདེ་སྡུག་མཉམ་འཁུར། སྒོ་དབྱེ་འཁོར་རྒྱུག ཕན་ཚུན་སློབ་སྦྱོང་དང་ལྟ་རེས་བྱེད་པ། དྲང་གཞག་དྲང་བདེན་བཅས་ཀྱི་ལམ་བུར་སྐྱོད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སུ་ཕྱོགས་དང་མཉམ་སྡེབ་བདེ་འཇགས་ཆིངས་ཡིག་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་དབར་བབ་བསྟུན་སྣ་མང་གི་མཉམ་ལས་མུ་མཐུད་བྱས་ནས་ས་ཁུལ་གྱི་བདེ་འཇགས་དང་བརྟན་ལྷིང་སྲུང་སྐྱོང་བྱེད་འདོད་ཡོད།
        འབོ་གསེར་རྒྱལ་ཁབ་ཀྱི་མཉམ་ལས་ཐད་ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་དུས་སང་འབོ་གསེར་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་རྒྱུ་དང་འགོ་ཁྲིད་པའི་ཞལ་འཛོམས་ཐེངས་བཅུ་བཞི་པ་སོགས་ཀྱི་བྱེད་སྒོ་གཙོ་གཉེར་བྱེད་ཀྱི་ཡིན། ང་ཚོས་ཨུ་རུ་སུ་ཕྱོགས་དང་ཆུ་ཚད་མཐོ་བའི་འཐབ་ཇུས་མཉམ་ལས་རྒྱུན་འཁྱོངས་བྱས་ཏེ་འབོ་གསེར་རྒྱལ་ཁབ་ཀྱི་ཁྱབ་ཁོངས་ཁག་གི་མཉམ་ལས་ཕྱོགས་ཡོངས་ནས་ཟབ་ཏུ་གཏོང་བར་སྐུལ་འདེད་གཏོང་འདོད་ཡོད། ཕྱོགས་མང་རིང་ལུགས་ངོ་མ་ལག་བསྟར་སྲོལ་གཏོད་དང་ཕྱོགས་མང་ཚོང་དོན་སྒྲིག་སྲོལ་ལ་རྒྱབ་སྐྱོར་བྱས་ནས་སྒོ་དབྱེ་ཅན་གྱི་འཛམ་གླིང་དཔལ་འབྱོར་སྐྲུན་དགོས། འབོ་གསེར་རྒྱལ་ཁབ་ཀྱི་དངོས་སྒྲུབ་མཉམ་ལས་ལ་དམ་འཛིན་ཡག་པོ་དང་། སྤྱི་པའི་འཕྲོད་བསྟེན་མཉམ་ལས་ཟབ་ཏུ་གཏོང་བ། “འབོ་གསེར+”བྱེད་ཐབས་རྒྱ་ཆེར་གཏོང་བ་བཅས་བྱས་ཏེ། འབོ་གསེར་རྒྱལ་ཁབ་ཀྱི་མཉམ་ལས་ཀྱི་ཕན་འབྲས་ཁྱབ་རྒྱ་ཆེ་རུ་གཏོང་དགོས། ཀྲུང་ཨུའི་ཐུན་མོང་འབད་བརྩོན་འོག་དུས་སང་གི་འབོ་གསེར་མཉམ་ལས་ལ་དགེ་མཚན་ལྡན་པའི་གྲུབ་འབྲས་འཐོབ་ངེས་ཡིན་པ་ང་ལ་ཡིད་ཆེས་ཡོད།
        མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་མཉམ་ལས་ཐད་ཞི་ཅིན་ཕིང་གིས་བསྟན་དོན། མིག་སྔའི་དུས་བབ་འོག་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་རྒྱལ་ཁབ་5པོས་རིམས་ནད་འགོག་པའི་མཉམ་ལས་ཟབ་ཏུ་གཏོང་བ་དང་། རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་སྲུང་སྐྱོང་། དཔལ་འབྱོར་སླར་གསོར་ཤུགས་སྣོན་དང་མཐུན་སྦྱོར་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཁྱོན་ཡོངས་ཀྱི་རེ་སྒུག་ཧུར་ཐག་སྒྲུབ་དགོས། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སུ་ཕྱོགས་དང་འབྲེལ་གཏུག་དམ་ཟབ་རྒྱུན་འཁྱོངས་བྱེད་འདོད་ཡོད།
        ཕྱོགས་གཉིས་པོས་མིག་སྔའི་རྒྱལ་ཁབ་ཆེན་པོའི་འབྲེལ་བ་དང་དམངས་གཙོའི་གནད་དོན་ཐད་དགོངས་འཆར་བརྗེ་རེས་གནང་ཞིང་། ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། དམངས་གཙོ་ནི་མིའི་རིགས་ཡོངས་ཀྱི་མཛེས་སྡུག་ལྡན་པའི་དོན་གཉེར་དང་ཐུན་མོང་གི་རིན་ཐང་ཞིག་རེད་ལ། རྒྱལ་ཁབ་ཁག་གི་མི་དམངས་ཀྱི་དབང་ཆ་ཡང་རེད། རྒྱལ་ཁབ་ཅིག་ལ་དམངས་གཙོ་ཡོད་མེད་དང་དམངས་གཙོ་སྔར་ལས་ལྷག་པར་མངོན་འགྱུར་ཇི་ལྟར་བྱེད་པ་ནི་རྒྱལ་ཁབ་དེ་གའི་མི་དམངས་ཀྱིས་ཤན་འབྱེད་བྱེད་དགོས། རྒྱལ་སྤྱིའི་བྱ་བ་མཐའ་དག་རྒྱལ་ཁབ་ཁག་གིས་མཉམ་དུ་གྲོས་བསྡུར་བྱས་ནས་སྒྲུབ་དགོས་པ་དང་། རྒྱལ་སྤྱིའི་འབྲེལ་བའི་དམངས་གཙོ་ཅན་ཁྱབ་གདལ་གཏོང་བ་དང་ཕྱོགས་མང་རིང་ལུགས་ངོ་མ་ལག་བསྟར་བྱེད་པ་ནི་མི་སེམས་ཀྱི་གཏད་ས་དང་དུས་ཀྱི་འཕེལ་ཕྱོགས་རེད། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སུ་ཕྱོགས་དང་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས། རྒྱལ་སྤྱིའི་སྤྱི་ཚོགས་ཐོག་ཡང་དག་པའི་དམངས་གཙོའི་ལྟ་བ་འཛུགས་རྒྱུར་ཁྲིད་སྟོན་བྱས་ཏེ་རྒྱལ་ཁབ་ཁག་གི་ལུགས་མཐུན་དམངས་གཙོའི་ཁེ་དབང་སྲུང་སྐྱོང་བྱེད་འདོད་ཡོད།
        ཕུའུ་ཅིང་གིས་གསུངས་དོན། མིག་སྔར་ཨུ་ཀྲུང་འབྲེལ་བ་སྔར་འབྱུང་མྱོང་མེད་པའི་ལོ་རྒྱུས་ཀྱི་དུས་སྐབས་ཡག་ཤོས་སུ་སླེབས་ཡོད་ལ། ཆུ་ཚད་མཐོ་བའི་འཐབ་ཇུས་ཀྱི་ཕན་ཚུན་ཡིད་ཆེས་མངོན་པ་དང་། ཕན་ཚུན་དབར་ནང་སྲིད་ལ་ཐེ་ཇུས་མི་བྱེད་པ་དང་ཕན་ཚུན་དབར་གྱི་ཁེ་ཕན་ལ་བརྩི་འཇོག་བྱེད་པའི་རྨང་གཞིའི་ཐོག་གཉིས་ཁེ་གཉིས་ཕན་གྱི་མིག་དཔེ་བཏོད་ཡོད་པས། དུས་རབས་21པའི་རྒྱལ་སྤྱིའི་འབྲེལ་བའི་དཔེ་མཚོན་ཞིག་རེད་ཅེས་བརྗོད་ཆོག འདི་ལོ་ནི《ཨུ་ཀྲུང་ཁྱིམ་མཚེས་རྒྱལ་ཁབ་དབར་གྱི་མཛའ་གྲོགས་མཉམ་ལས་ཆིངས་ཡིག》ལ་མིང་རྟགས་བཀོད་ནས་ལོ་20འཁོར་བའི་ལོ་ཡིན་པས། ཨུ་ཀྲུང་རྒྱལ་ཁབ་གཉིས་པོས་ཆིངས་ཡིག་དུས་འགྱངས་བྱེད་རྒྱུ་དངོས་སུ་ཁྱབ་བསྒྲགས་བྱས་ཡོད། ཕྱོགས་གཉིས་པོས་ཏོག་གསར་རིམས་ནད་ཀྱི་ཤུགས་རྐྱེན་ཁྱད་བསད་བྱས་ནས་ཕན་ཚུན་འགྲོ་འོང་དམ་ཟབ་རྒྱུན་འཁྱོངས་བྱས་ཏེ། དཔལ་འབྱོར་ཚོང་དོན་དང་། ནུས་རྒྱུ། ཚན་རྩལ་སོགས་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་བ་མ་ཟད། རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་འབྲེལ་གཏུག་མཐུན་སྦྱོར་བྱས་ཡོད། ཨུ་ཀྲུང་འཐབ་ཇུས་མཉམ་ལས་ནི། རྒྱལ་སྤྱིའི་གླེང་མང་བའི་གནད་དོན་སྣ་ཚོགས་ཐག་གཅོད་ནུས་ལྡན་དང་རྒྱལ་སྤྱིའི་ཞི་བདེ་སྲུང་སྐྱོང་བྱེད་པའི་དགེ་མཚན་ལྡན་པའི་རྒྱུ་རྐྱེན་གལ་ཆེན་དུ་གྱུར་ནས་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱིས་རྨང་གཞི་བྱས་པའི་རྒྱལ་སྤྱིའི་སྒྲིག་ལམ་བརྟན་དུ་གཏོང་ཆེད་ནུས་པ་གལ་ཆེན་བཏོན་ཡོད། ང་གང་མགྱོགས་ཀྲུང་གོར་འཚམས་འདྲིར་འགྲོ་རྒྱུ་དང་འབྲེལ་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འགོ་ཚུགས་མཛད་སྒོར་ཞུགས་པའི་རེ་སྒུག་བྱེད་བཞིན་ཡོད་ལ། ལུས་རྩལ་ཆབ་སྲིད་ཅན་གྱི་ལྐོག་གཡོར་ཨུ་རུ་སུ་ཕྱོགས་ཀྱིས་ངོ་རྒོལ་མཐའ་གཅིག་ཏུ་བྱེད་ཀྱི་ཡིན། སྐབས་དེ་དུས་ངས་ཁྱེད་དང་མཉམ་དུ་ཐུན་མོང་ཐོག་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ལ་དགོངས་འཆར་བརྗེ་རེས་གཏིང་ཟབ་བྱས་ནས་ཨུ་ཀྲུང་འབྲེལ་བའི་ཆུ་ཚད་མཐོ་བའི་འཕེལ་རྒྱས་ལ་མུ་མཐུད་སྐུལ་མ་ཐེབས་པའི་རེ་སྒུག་བྱེད་བཞིན་ཡོད། ཨུ་རུ་སུ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་དཔལ་འབྱོར་ཚོང་དོན་དང་། སྣུམ་རླངས། དངུལ་རྩ། མཁའ་འགྲུལ་དང་འཇིག་རྟེན་འཕུར་སྐྱོད་སོགས་ཁྱབ་ཁོངས། དེ་བཞིན་འཐབ་ཇུས་རང་བཞིན་གྱི་རྣམ་གྲངས་ཆེན་པོའི་མཉམ་ལས་ལ་མུ་མཐུད་ཤུགས་སྣོན་དང་། ཡོ་རོབ་དང་ཨེ་ཤེ་ཡའི་དཔལ་འབྱོར་མནའ་འབྲེལ་དང“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དང་དེ་བས་སྦྲེལ་མཐུད་བྱེད་པར་སྐུལ་འདེད་གཏོང་འདོད་ཡོད། རིམས་འགོག་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་རིམས་ནད་ཆབ་སྲིད་ཅན་ལ་ངོ་རྒོལ་བྱེད་ཀྱི་ཡིན། མི་ཆོས་རིག་གནས་སྤེལ་རེས་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་དུས་སང་དང་གནངས་ལོའི་ལུས་རྩལ་སྤེལ་རེས་ལོ་ཡག་པོ་གཉེར་དགོས། ཐའེ་དབན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ཀྱི་ཀྲུང་གོ་སྲིད་གཞུང་གི་ལུགས་མཐུན་ལངས་ཕྱོགས་ལ་ཨུ་རུ་སུ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་པ་དང་འབྲེལ་ཕྱོགས་གཏོགས་གང་རུང་ཞིག་གིས་ཐའེ་དབན་དང་འབྲེལ་བ་ཡོད་པའི་གནད་དོན་ལ་ཁ་གཡར་ནས་ཀྲུང་གོ་ཕྱོགས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་བར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་རྒྱུ་མ་ཟད། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ས་ཁུལ་དུ་བཙུགས་པའི་རྣམ་པ་གང་རུང་གི“ཚོགས་པ་ཆུང་ཆུང”ལའང་མཐའ་གཅིག་ཏུ་ངོ་རྒོལ་བྱེད་རྒྱུ། ཨུ་རུ་སུ་དང་ཀྲུང་གོའི་འབྲེལ་བར་དཀྲུག་ཤིང་རྒྱག་པའི་ལྐོག་ཇུས་གང་རུང་ལམ་ལྷོངས་ཡོང་མི་སྲིད། ཨུ་རུ་སུ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་དང་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་སོགས་ཕྱོགས་མང་མཉམ་ལས་མུ་མཐུད་ཟབ་ཏུ་གཏོང་བ་དང་། ཀྲུང་གོ་ཕྱོགས་དུས་སང་འབོ་གསེར་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་བའི་ལས་དོན་ལ་རྒྱབ་སྐྱོར། ཨུ་ཀྲུང་རྒྱལ་ཁབ་གཉིས་པོའི་ནང་སྲིད་ལ་ཐེ་ཇུས་དང་རྒྱལ་ཁབ་གཉིས་ཀྱི་ལུགས་མཐུན་འཕེལ་རྒྱས་ཁེ་ཕན་བཀག་འགོག་བྱེད་པའི་ལྐོག་གཡོར་མཐའ་གཅིག་ཏུ་ངོ་རྒོལ། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོང་བཅས་བྱས་ཏེ་རྒྱལ་སྤྱིའི་འཐབ་ཇུས་བདེ་འཇགས་དང་བརྟན་ལྷིང་སྲུང་སྐྱོང་བྱེད་འདོད་ཡོད། ཨུ་རུ་སུ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་ཁག་གི་དམངས་གཙོའི་ཁེ་དབང་ངོ་མ་སྲུང་སྐྱོང་བྱེད་པའི་གནད་དོན་ལ་འབྲེལ་གཏུག་བྱེད་པར་ཤུགས་སྣོན་རྒྱག་འདོད་ཡོད།
        ཕྱོགས་གཉིས་པོས་ད་དུང་ཐུན་མོང་ཐོག་དོ་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གཞན་དག་ཐད་དགོངས་འཆར་བརྗེ་རེས་གནང་བ་རེད།
        རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་དུས་སང་ཟླ་2པར་པེ་ཅིང་དུ་ཞལ་འཛོམས་གནང་རྒྱུའི་ཞལ་ཆད་གནང་བ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1