ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་གསུམ་པ་གཙོ་སྐྱོང་གནང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 12-20



    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཟླ་12ཚེས་17ཉིན་གྱི་ཕྱི་དྲོ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི། ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་གསུམ་པ་གཙོ་སྐྱོང་གནང་ཞིང་། ཚོགས་འདུའི་ཐོག《རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་པོ་མགྱོགས་མྱུར་འཛུགས་སྐྲུན་བྱ་རྒྱུའི་སྐོར་གྱི་བསམ་འཆར》དང་། 《སྲིད་གཞུང་གི་ལྟ་འདོམས་ནུས་ཕྱོད་སྔར་ལས་ཆེ་རུ་བཏང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》 《འཛམ་གླིང་གི་སློབ་ཆེན་རྩེ་གྲ་དང་རིག་ཚན་རྩེ་གྲ་འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག》 《ཚན་རྩལ་གྱི་མི་ཆོས་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》 《མི་སྒེར་གྱི་རྒན་གསོའི་མ་དངུལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།
     ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་སྐབས་ནན་བཤད་གནང་དོན། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་ནི་རང་རེའི་ཏང་གི་གསར་གཏོད་རླབས་པོ་ཆེ་ཞིག་ཡིན། འགག་རྩ་ནི་སྲིད་གཞུང་དང་ཁྲོམ་རའི་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ། ཐོན་ཁུངས་བཀོད་སྒྲིག་ཁྲོད་ཀྱི་ཁྲོམ་རའི་གཏན་འཁེལ་རང་བཞིན་གྱི་ནུས་པ་འདོན་སྤེལ་དང་སྲིད་གཞུང་གི་ནུས་པ་དེ་བས་ལེགས་པའི་སྒོ་ནས་འདོན་སྤེལ་བྱ་རྒྱུར་ཐུག་ཡོད། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པར་ནུས་ཆེ་ཚད་ལྡན་དང་། དྲང་གཞག་འགྲན་རྩོད། སྒོ་དབྱེ་གང་ལེགས་བཅས་ཀྱི་རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་པོ་མགྱོགས་མྱུར་འཛུགས་སྐྲུན་བྱས་ཏེ། རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་རའི་ལམ་ལུགས་དང་སྒྲིག་སྲོལ་བཙུགས་ནས། ཚོང་ཟོག་གི་རྒྱུ་རྐྱེན་གཙོ་བོའི་ཐོན་ཁུངས་དེ་བས་རྒྱ་ཆེ་བའི་ཁྱབ་ཁོངས་ནང་འཁོར་རྒྱུག་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས་ཀྱི་ཡོད། དེས་ན་སྲིད་གཞུང་གི་འགན་ནུས་སྒྱུར་མགྱོགས་སུ་གཏོང་བ་དང་སྲིད་གཞུང་གི་ལྟ་འདོམས་ནུས་ཕྱོད་ཆེ་རུ་བཏང་སྟེ། ཕན་ནུས་ལྡན་པའི་ཁྲོམ་ར་དང་འཇོན་ཐང་ལྡན་པའི་སྲིད་གཞུང་གཉིས་དེ་བས་ཟུང་འབྲེལ་ཡག་པོ་བྱ་རྒྱུར་སྐུལ་འདེད་བཏང་ནས། ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ཁྲིམས་ལྟར་སྲུང་སྐྱོང་བྱེད་དགོས་པ་དང་། ཤེས་ལྡན་མི་སྣ་རྩེ་གྲ་གསོ་སྐྱོང་བྱེད་པ་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་དགོས་མཁོར་ཞབས་འདེགས་ཞུ་བ། འཛམ་གླིང་གི་རྩེ་གྲ་ཧུར་ཐག་གཏོད་པ་བཅས་ཀྱི་སྟོན་ཕྱོགས་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ། སྒྲིག་སྲོལ་དང་ལམ་སྲོལ་སྒྱུར་བཅོས་ཟབ་ཏུ་བཏང་ནས་སློབ་ཆེན་རྩེ་གྲ་དང་རིག་ཚན་རྩེ་གྲར་སྤྱི་འདོམས་སྐུལ་འདེད་དང་ཁག་བགོས་འཛུགས་སྐྱོང་བྱེད་དགོས། ཚན་རྩལ་གྱི་མི་ཆོས་ནི་ཚན་རྩལ་བྱེད་སྒོས་ངེས་པར་དུ་བརྩི་སྲུང་ཞུ་དགོས་པའི་རིན་ཐང་གི་ཚད་གཞི་ཡིན་པས། མིའི་རིགས་ལ་བདེ་སྐྱིད་བསྐྲུན་ཤུགས་ཆེ་རུ་གཏོང་དགོས་པ་དང་། ཚེ་སྲོག་གི་དབང་ཆར་བརྩི་འཇོག་བྱེད་དགོས་པ། དྲང་གཞག་དྲང་བདེན་ཡོང་བར་བྱེད་དགོས་པ། ཉེན་ཁ་ལུགས་མཐུན་ངང་ཚོད་འཛིན་བྱེད་དགོས་པ། མུ་མཐུད་ཡོངས་བསྒྲགས་དང་ཁ་གསལ་ཡོང་བར་བྱེད་དགོས་པ་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ། ཕྱོགས་མང་ཐེ་ཞུགས་དང་མཉམ་སྒྲུབ་མཉམ་བཅོས་ཀྱི་བཅོས་སྐྱོང་སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས། ཚན་རྩལ་བཟང་འགྱུར་གྱི་རིག་གནས་འདུ་ཤེས་དང་འགན་སྲུང་ལམ་སྲོལ་གཏོད་དགོས། ཀྲུང་གོའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པ་དང་། སྲིད་གཞུང་གི་སྲིད་ཇུས་རྒྱབ་སྐྱོར་ཐོབ་པ། མི་སྒེར་རང་མོས་ངང་ཞུགས་པ། ཁྲོམ་ར་ཅན་དུ་གཉེར་སྐྱོང་བྱེད་པ་བཅས་ཀྱི་མི་སྒེར་གྱི་རྒན་གསོའི་དངུལ་འཕེལ་རྒྱས་གཏོང་རྒྱུ་དེ་དང་གཞི་རྩའི་རྒན་གསོའི་འགན་བཅོལ་དང་ཁེ་ལས(ལས་རིགས)ཀྱི་ལོ་ཕོགས་དང་སྦྲེལ་མཐུད་བྱ་རྒྱུར་སྐུལ་འདེད་བཏང་ནས་རྒན་གསོའི་འགན་བཅོལ་གྱི་ཁ་གསབ་ནུས་པ་ཐོན་པ་བྱེད་དགོས།
     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ལི་ཁེ་ཆང་དང་། ཝང་ཧུའུ་ཉིང་། ཧན་ཀྲེང་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།
     ཚོགས་འདུའི་ཐོག་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྱུར་བཅོས་ཀྱི་ཁ་ཕྱོགས་མཐའ་འཁྱོངས་བྱས་ཏེ། རྒྱ་ཆེ་ཚད་དང་གཏིང་ཟབ་ཚད་ནས་ཁྲོམ་ར་ཅན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་། སྲིད་གཞུང་གིས་ཐོན་ཁུངས་ཐད་ཀར་བཀོད་སྒྲིག་བྱེད་ཚུལ་ཉུང་དུ་གཏོང་བ། སྲིད་གཞུང་གིས་གཞི་ཆུང་དཔལ་འབྱོར་བྱེད་སྒོར་ཐད་ཀར་ཐེ་ཇུས་བྱེད་ཚད་ཉུང་དུ་གཏོང་བ། རྒྱུ་ནོར་བདག་དབང་སྲུང་སྐྱོང་དང་། ཁྲོམ་རར་ཞུགས་འཐུས། འགྲན་རྩོད་དྲང་གཞག་སོགས་ཀྱི་ལམ་ལུགས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ། རིན་གོང་སྒྱུར་བཅོས་དང་ས་ཞིང་དང་། མ་རྩ། ངལ་རྩོལ་ནུས་ཤུགས། ལག་རྩལ། ཤེས་བྱ། གྲངས་གཞི་སོགས་ཐོན་སྐྱེད་ཀྱི་རྒྱུ་རྐྱེན་གཙོ་བོ་ཁྲོམ་ར་ཅན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ། སྒེར་སྡེམ་ལ་ངོ་རྒོལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཚུལ་མིན་གྱི་འགྲན་རྩོད་ལ་ངོ་རྒོལ་བྱེད་པ། ཁྲོམ་རའི་འགལ་རྐྱེན་ནུས་ཤུགས་ཡོད་རྒུས་སེལ་བ། ཐོན་ཁུངས་བཀོད་སྒྲིག་གི་ལས་ཕྱོད་དང་དྲང་གཞག་རང་བཞིན་ཆེ་རུ་གཏོང་བ་བཅས་བྱས་ནས། ཁེ་ལས་ཀྱིས་རང་བརྟེན་གཉེར་སྐྱོང་དང་དྲང་གཞག་འགྲན་རྩོད་དང་། འཛད་སྤྱོད་པས་རང་མོས་གདམ་ག་དང་རང་བརྟེན་འཛད་སྤྱོད། ཚོང་ཟོག་དང་རྒྱུ་རྐྱེན་གཙོ་བོ་རང་མོས་ངང་འཁོར་རྒྱུག་དང་འདྲ་མཉམ་ངང་བརྗེ་རེས་བཅས་བྱེད་པའི་དེང་རབས་ཁྲོམ་རའི་མ་ལག་ཅིག་གང་མགྱོགས་ཆགས་པར་བྱེད་དགོས། དུས་མཚུངས་སུ་རང་རྒྱལ་གྱི་ཁྲོམ་རའི་མ་ལག་ལ་སྔར་བཞིན་ལམ་ལུགས་དང་སྒྲིག་སྲོལ་གཅིག་གྱུར་དེ་ཙམ་མེད་པ་དང་། གཙོ་རྒྱུའི་ཐོན་ཁུངས་འཁོར་རྒྱུག་མི་བདེ་བ། ས་གནས་སྲུང་སྐྱོང་དང་ཁྲོམ་ར་ཁག་བགོས་སོགས་ཀྱི་གནད་དོན་མངོན་གསལ་དོད་པོ་ཡོད།
     ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ལམ་ལུགས་འཛུགས་སྐྱོང་ལ་དམིགས་ཏེ་འཛུགས་གཏོད་མཉམ་འཇོག་མཐའ་འཁྱོངས་བྱེད་དགོས་ཤིང་། ཁྲོམ་རའི་གཞི་རྩའི་ལམ་ལུགས་དང་སྒྲིག་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། ཁྲོམ་རའི་སྒྲིག་བཀོད་ཚད་གཞི་མཐོ་པོས་འབྲེལ་མཐུད་ཐུབ་རྒྱུར་སྐུལ་འདེད་གཏོང་བ། གཙོ་རྒྱུ་དང་ཐོན་ཁུངས་ཀྱི་ཁྲོམ་ར་མགྱོགས་མྱུར་འཛུགས་སྐྲུན་བྱེད་པ། ཚོང་ཟོག་དང་ཞབས་ཞུའི་ཁྲོམ་ར་ཆུ་ཚད་མཐོ་པོས་གཅིག་གྱུར་ཡོང་རྒྱུར་སྐུལ་འདེད་གཏོང་བ། ལྟ་འདོམས་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་བ་སོགས་ཀྱི་ཐད། ཕན་ནུས་ལྡན་པའི་སྲིད་ཇུས་དང་བྱེད་ཐབས་བཏོན་ཏེ་སྲིད་ཇུས་ཀྱི་གཅིག་གྱུར་རང་བཞིན་དང་། སྒྲིག་སྲོལ་གྱི་གཅིག་མཐུན་རང་བཞིན། ལག་བསྟར་གྱི་མཐུན་སྦྱོར་རང་བཞིན་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པ་དང་། ཁྲོམ་ར་ཆེན་པོ་གཅིག་གྱུར་བྱེད་པར་བརྟེན་ནས་ཐོན་ཁུངས་གཅིག་སྡུད་དང་། འཕར་རྒྱུར་སྐུལ་འདེད། གསར་གཏོད་ལ་སྐུལ་ལྕག ལས་བགོས་ལེགས་འགྱུར། འགྲན་རྩོད་ལ་སྐུལ་འདེད་བཅས་གཏོང་དགོས། ཁྲོམ་ར་གཅིག་གྱུར་དང་དྲང་གཞག་གི་འགྲན་རྩོད་ལ་འགོག་རྐྱེན་བཟོ་བའི་གཏན་འབེབས་དང་བྱེད་སྟངས་སྣ་ཚོགས་གང་མགྱོགས་གཙང་སེལ་དང་མེད་པར་བཟོ་དགོས། ས་ཁོངས་ཀྱི་འཐབ་ཇུས་གལ་ཆེན་དང་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱེད་པ་དང་ཟུང་འབྲེལ་བྱས་ཏེ། ཁྲོམ་ར་ཆེན་པོ་གཅིག་གྱུར་འཛུགས་སྐྲུན་གྱི་ལས་དོན་སྔོན་ལ་སྤེལ་ནས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས།
     ཚོགས་འདུའི་ཐོག་བསྟན་དོན། སྲིད་གཞུང་གི་ལྟ་འདོམས་ནུས་ཕྱོད་ཆེ་རུ་གཏོང་བར“སུས་དོ་དམ་བྱེད་པ”དང་། “གང་ཞིག་དོ་དམ་བྱེད་པ” “དོ་དམ་ཇི་ལྟར་བྱེད་པ”བཅས་ཀྱི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་ཡག་པོ་བྱེད་དགོས། “སུས་ཞིབ་མཆན་བཀོད་ན་དེས་ལྟ་འདོམས་བྱེད་པ་དང་། སུས་གཙོ་གཉེར་བྱས་ན་དེས་ལྟ་འདོམས་བྱེད་པའི”རྩ་དོན་ལྟར་འགན་འཁྲིའི་སྦྲེལ་ཐག་ཁ་གསལ་བཟོ་བ་དང་། འགན་འཁྲི་འཁུར་བའི་ཕན་ནུས་ཆེ་རུ་གཏོང་བ། འགན་འཁྲི་རྩད་གཅོད་དང་བདའ་འདེད་ནན་པོ་གཏོང་བ་བཅས་བྱེད་དགོས། ལས་རིགས་གཙོ་གཉེར་སྡེ་ཚན་གྱིས་ལས་རིགས་ཀྱི་ལྟ་འདོམས་འགན་འཁྲི་དོན་འཁྱོལ་ནན་པོ་བྱེད་དགོས་པ་དང་། འབྲེལ་ཡོད་ལྟ་འདོམས་སྡེ་ཚན་གྱིས་རང་རང་སོ་སོའི་འགན་འཁྲིའི་ཁྱབ་ཁོངས་ནང་གི་ལྟ་འདོམས་ཀྱི་འགན་འཁྲི་ཏན་ཏིག་འཁུར་དགོས། ས་གནས་སྲིད་གཞུང་གིས་གཏོགས་ཁོངས་ཀྱི་ལྟ་འདོམས་ཀྱི་འགན་འཁྲི་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་དགོས། ཁེ་ལས་ཀྱིས་རང་ངོས་ཀྱི་དོ་དམ་དང་རང་ངོས་ཀྱི་གཅུན་སྡོམ་ལ་ཤུགས་སྣོན་རྒྱག་དགོས། སྡེ་ཚན་མང་པོ་དང་འབྲེལ་བ་ཡོད་པ་དང་། དོ་དམ་བྱེད་དཀའ་བ། ཉེན་ཁ་དང་མངོན་མེད་རྐྱེན་ངན་མངོན་གསལ་དོད་པའི་ལྟ་འདོམས་ཀྱི་དོན་གནད་ཐད། སྡེ་ཚན་སྒྲོལ་བའི་ཕྱོགས་བསྡུས་ལྟ་འདོམས་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། འཁྲི་འགན་རང་འཁུར་དང་། རང་འགན་གཙང་སྒྲུབ། ཕན་ཚུན་གཞོགས་འདེགས། ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་བཅས་ཀྱི་མཐུན་སྦྱོར་ལྟ་འདོམས་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་། ཁྲོམ་རའི་ལྟ་འདོམས་དང་། སྤུས་ཚད་ཀྱི་ལྟ་འདོམས། བདེ་འཇགས་ཀྱི་ལྟ་འདོམས། དངུལ་རྩའི་ལྟ་འདོམས་བཅས་ལ་སྤྱི་འདོམས་སྐུལ་འདེད་བཏང་སྟེ་ཕྱོགས་ཡོངས་དང་། རིམ་པ་མང་བ། ཕྱོགས་བསྡུས་ཅན་བཅས་ཀྱི་ལྟ་འདོམས་མ་ལག་གང་མགྱོགས་བཙུགས་ནས་བྱ་བ་མ་བསྒྲུབས་གོང་དང་། སྒྲུབ་རིང་། བསྒྲུབས་རྗེས་བཅས་ཀྱི་སྦྲེལ་ཐག་ཧྲིལ་པོ་དང་ཁྱབ་ཁོངས་ཧྲིལ་པོར་ལྟ་འདོམས་ཐུབ་པ་བྱས་ཏེ་ལྟ་འདོམས་ཀྱི་ཞན་ཆ་སེལ་དགོས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་སྤྱི་པའི་བདེ་འཇགས་དང་འབྲེལ་བ་ཡོད་པ་དང་། དེ་བཞིན་མངོན་མེད་ཀྱི་ཉེན་ཁ་ཆེ་ལ་སྤྱི་ཚོགས་ཀྱི་ཉེན་ཁ་ཆེ་བའི་གཙོ་གནད་ཁྱབ་ཁོངས་ལ་གཙོ་གནད་དུ་ལྟ་འདོམས་བྱས་ནས་ཉེན་ཁ་ཚབས་ཆེན་འགོག་སེལ་བྱེད་དགོས་པ་དང་། ཁྲིམས་ལྟར་ལྟ་འདོམས་མཐའ་འཁྱོངས་བྱས་ཏེ་གཙོ་གནད་ཁྱབ་ཁོངས་དང་། གསར་དར་ཁྱབ་ཁོངས། ཕྱི་འབྲེལ་ཁྱབ་ཁོངས་བཅས་ཀྱི་ལྟ་འདོམས་ལ་མཁོ་བའི་བཅའ་ཁྲིམས་དང་ཁྲིམས་སྲོལ་མགྱོགས་མྱུར་བཟོ་བ་དང་འགན་འཁྲི་འཁུར་ཡུན་ཚད་བཀག་ཡོད་པ་དང་། ཚེ་གང་ཞུགས་མི་ཆོག་པ། ཚེ་གང་འགན་འཁྲི་བདའ་འདེད་གཏོང་བ་བཅས་ཀྱི་ལམ་ལུགས་བཟོ་དགོས་པ། ལྟ་འདོམས་ཀྱི་བྱེད་ཐབས་གསར་གཏོད་བྱས་ནས་ལྟ་འདོམས་ཀྱི་གནད་སྨིན་རང་བཞིན་དང་ནུས་ལྡན་རང་བཞིན་ཆེ་རུ་གཏོང་དགོས་པ། སྲིད་གཞུང་གི་ལྟ་འདོམས་བྱ་སྤྱོད་ཚད་ལྡན་དུ་བཏང་ནས་ལྟ་འདོམས་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པའི་ལྟ་སྐུལ་ལམ་སྲོལ་བཙུགས་ཏེ། ལྟ་འདོམས་ཀྱི་ཚད་ལྡན་རང་བཞིན་ཆེ་རུ་དང་མངོན་གསལ་ཐུབ་པའི་ཚད་གཞི་མཐོ་རུ་གཏོང་དགོས།
     ཚོགས་འདུའི་ཐོག་ནན་བཤད་བྱས་དོན། འཛམ་གླིང་ཐོག་སློབ་ཆེན་རྩེ་གྲ་དང་རིག་ཚན་རྩེ་གྲ་ཡག་པོ་གཉེར་དགོས་ན། ངེས་པར་དུ་ཀྲུང་གོའི་ས་གཞི་ཆེ་མོར་གཞི་ཚུགས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པ་ཞིག་གཉེར་དགོས་ཤིང་། སྤྱི་ཚོགས་རིང་ལུགས་ཀྱི་སློབ་གཉེར་ཁ་ཕྱོགས་མཐའ་འཁྱོངས་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གསོ་འཕེལ་རྒྱས་ཀྱི་འགྲོ་ལམ་མཐའ་འཁྱོངས། ཏང་གི་སློབ་གསོའི་མཛད་ཕྱོགས་ལག་བསྟར་བཅས་བྱས་ནས་ཀུན་སྤྱོད་ལ་བརྟེན་ཏེ་མི་སྣ་སྐྱོང་བའི་རྩ་བའི་ལས་འགན་དོན་འཁྱོལ་བྱེད་དགོས། ཤེས་ལྡན་པ་གསོ་སྐྱོང་གི་འགག་རྩ་དེ་དམ་པོར་བཟུང་སྟེ། ཏང་གི་ཆེད་དུ་མི་སྣ་གསོ་སྐྱོང་དང་རྒྱལ་ཁབ་ཀྱི་ཆེད་དུ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུ་མཐའ་འཁྱོངས་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་དགོས་མཁོར་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས། ཚན་རྩལ་གྱི་མདུན་གྲལ་དང་འགག་རྩའི་ཁྱབ་ཁོངས་ལ་དམིགས་པ། རིག་ཚན་གྱི་ཆེད་ལས་དང་ཤེས་ལྡན་མི་སྣ་གསོ་སྐྱོང་གི་བཀོད་པ་ལེགས་སུ་གཏོང་བ། ཆུ་ཚད་མཐོ་བའི་དགེ་རྒན་གྱི་དཔུང་ཁག་གཏོད་པ། ཚན་སློབ་མཉམ་འདྲེས་ཀྱི་མི་སྣ་གསོ་སྐྱོང་བྱེད་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། འཛམ་གླིང་གི་ཤེས་ལྡན་མི་སྣའི་ལྟེ་གནས་གལ་ཆེན་དང་གསར་གཏོད་ཀྱི་མཐོ་ས་མགྱོགས་མྱུར་བསྐྲུན་རྒྱུར་འདེགས་སྐྱོར་ནུས་ལྡན་བྱེད་དགོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1