༄༅། །དགུན་ཁར“དྲོད་རླངས་ནད”འབྱུང་བ་སྔོན་འགོག་བྱེད་དགོས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 12-21


        གྲང་ངར་ཆེ་བའི་དགུན་ཁར། མི་རྣམས་ཁྱིམ་དུ་འཛུལ་ནས་དྲོད་རླངས་ལོངས་སྤྱོད་བྱེད་རྒྱུར་ཧ་ཅང་དགའ། དེ་བས་ལོ་རེའི་ཟླ11པ་དང12པ་ནི“དྲོད་རླངས་ནད”འབྱུང་ཚད་ཆེས་མཐོ་བའི་སྐབས་རེད།
        “དྲོད་རླངས་ནད”ཅེས་པ་ནི་ནད་རིགས་ཤིག་མིན་མོད།འོན་ཀྱང་དྲོད་རླངས་བཏང་བའི་དབང་གིས་ལུས་པོར་མི་བདེ་བའི་ཚོར་སྣང་སྣ་ཚོགས་བྱུང་བ་ལ་གོ། རྒྱུན་ལྡན་གྱི་གནས་ཚུལ་འོག ཉིན་རེར་མིའི་ལུས་སྟེང་གི་ཆུ་ཧའོ་ཧྲིན1000རེ་ཤོར་གྱིན་ཡོད་ལ།དེའི་ནང་གི་ཧའོ་ཧྲིན600ནས700ཙམ་སྐྱི་པགས་ལས་ཤོར་བ་དང་།ཧའོ་ཧྲིན300ནས400དབུགས་ལམ་ནས་ཤོར་བ་རེད།དྲོད་རླངས་བཏང་རྗེས།ལུས་སྟེང་གི་ཆུ་ཤོར་ཚད་དེ་བས་ཀྱང་ཇེ་མང་དུ་འགྲོ་བས།དུས་ཡུན་རིང་པོར་ཁོར་ཡུག་དེ་ལྟ་བུའི་འོག་ཏུ་བསྡད་ན།དབུགས་ལམ་དང་སྙིང་ཁམས་ཀྱི་ཁྲག་རྩ།གཅིན་ལམ་སོགས་ཀྱི་ལུས་པོའི་མ་ལག་མང་པོར་མི་བདེ་བའི་ཚོར་སྣང་སྣ་ཚོགས་འབྱུང་སྲིད།དཔེར་ན་མི་མང་པོར་སྔ་མོ་མལ་ལས་ལངས་མ་ཐག་ཁ་སྣ་སྐམ་པ་དང་།ཐ་ན་སྣ་ཁྲག་བཞུར་བའི་གནས་ཚུལ་འབྱུང་བ་ལྟ་བུ།
        འོ་ན“དྲོད་རླངས་ཀྱི་ནད”དེའི་རིགས་སྔོན་འགོག་ཇི་ལྟར་བྱེད་དགོས་སམ་ཞེ་ན།
        དུས་ཐོག་ཏུ་ཆུ་འཐུང་བ།མི་རྣམས་ཀྱིས་ཉིན་རེར་ཆུ་ཧྲིན1.5ནས2འཐུང་སྟེ།ལུས་སྟེང་དུ་ཆུ་ཡིས་འདང་བར་ཁག་ཐེག་བྱེད་དགོས།དུས་མཚུངས་སུ་ཀུ་ཤུ་དང་ཆང་བ་ལི།ཚ་ལུ་མ་སོགས་ཀྱི་ཆུ་འདུས་ཚད་མཐོ་བའི་སིལ་ཏོག་མང་པོ་བཟའ་དགོས་པ་དང་།དེས་མི་ཚད་ད་རུང་ཏིལ་དང་ལ་ཕུག ཀྲོ་མ་ཀྲུ་སོགས་ཀྱི་ཟས་རིགས་མང་དུ་བསྟེན་དགོས།
        ཁང་པའི་ནང་གི་དྲོད་ཚད་དང་བརླན་ཚད་ལ་ཚོད་འཛིན་བྱེད་དགོས། ཁང་པའི་ནང་གི་དྲོད་ཚད་ཧ་ཅང་མཐོ་ན།གློ་ལུ་བ་དང་མཆུ་སྒྲོས་སྐམ་པ་སོགས་ཀྱི་གནས་ཚུལ་འབྱུང་སླ།དེ་བས་ཁང་པའི་ནང་གི་དྲོད་ཚད་དང་བརླན་ཚད་ལ་ཚོད་འཛིན་བྱེད་དགོས་པར་མ་ཟད། དུས་བཅད་ལྟར་སྒེའུ་ཁུང་ཕྱེ་ནས་རླུང་རྒྱུ་རུ་འཇུག་རྒྱུ་ནི་ཧ་ཅང་གལ་ཆེན་རེད།ཆེས་བཟང་ན་དྲོད་ཚད་ཏུའུ18ནས22བར་དུ་ཚོད་འཛིན་བྱེད་པ་དང་། བརླན་ཚད50%ནས60%བར་དུ་ཚོད་འཛིན་བྱེད་དགོས་པར་མ་ཟད།ཉིན་རེར་ཆེས་ཉུང་ནའང་དུས་ཚོད་ཕྱེད་ཀའི་ཡན་གྱི་སྒེའུ་ཁུང་ཐེངས་གཉིས་ལ་ཕྱེ་སྟེ་རླུང་རྒྱུ་རུ་འཇུག་དགོས།ཁང་པའི་ནང་གི་བརླན་ཚད་རྒྱུན་སྲུང་བྱེད་དགོས་ན།བརླན་བཟོ་འཕྲུལ་ཆས་བཀོལ་བ་དང་ཀ་ཏོ་རའི་ནང་དུ་ཆུ་འཇོག་དགོས་པར་མ་ཟད།ད་རུང་ཁང་པའི་ནང་དུ་ལྗང་མདོག་གི་སྐྱེ་དངོས་གསོ་སྐྱོང་བྱེད་དགོས།སྐྱེ་དངོས་ཀྱི་ལོ་མས་ཆུ་ཕྱིར་གཏོང་བྱེད་ཚད་ཧ་ཅང་མཐོ་བས།ཁང་པའི་ནང་གི་མཁའ་དབུགས་ཀྱི་བརླན་ཚད་རྒྱུན་སྲུང་བྱེད་ཐུབ་ལ།གནོད་ལྡན་དངོས་པོ་སྔོན་འགོག་ཀྱང་བྱེད་ཐུབ།
        ལུས་སྦྱོང་འོས་འཚམ་བྱེད་པ། བཟའ་བཏུང་ལུགས་མཐུན་ཡིན་པའི་སྔོན་འགྲོའི་ཆ་རྐྱེན་འོག ལུས་པོ་སྦྱོང་བརྡར་བྱེད་རྒྱུ་བརྗེད་མི་རུང་།གཟའ་འཁོར་རེར་དལ་རྒྱུག་ཐེངས3ནས4བྱེད་པ་དང་།རྒན་པ་རྣམས་ཀྱིས་ཐེ་ཅི་ཆོན་རྩེ་བའམ་ཉི་མར་མང་དུ་ལྡེས་ཏེ།རིམས་འགོག་ནུས་ཤུགས་ཇེ་མཐོར་གཏོང་དགོས་སོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1