ཞི་ཅིན་ཕིང་ནས་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ཐད་ནན་སྟོན་གནང་དོན།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 12-22



    ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་ཆར་མཆན་འགོད་མཛུབ་སྟོན་གལ་ཆེན་གནང་ནས། རང་རེའི་ཏང་གིས་སྔར་ནས་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྱོང་ལ་མཐོང་ཆེན་པོ་བྱེད་པ་དང་། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་སྤྱད་དེ་ཏང་སྐྱོང་ཏང་བཅོས་བྱེད་པ་དང་། ཏང་གི་སྲིད་སྐྱོང་ནུས་པ་དང་འགོ་ཁྲིད་ཆུ་ཚད་མཐོ་རུ་གཏོང་རྒྱུར་སྣང་ཆེན་བྱེད་ཀྱི་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་ཁྱོན་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་དང་། ཁྲིམས་སྲོལ་ལྟར་ཏང་སྐྱོང་རྒྱུ་རྒྱུན་འཁྱོངས་དང་ཏང་གི་སྒྲིག་ཡིག་ལག་བསྟར་ནན་ཏན་བྱས་པས།  ཅུང་འཐུས་ཆ་ཚང་བའི་ཏང་ནང་གི་ཁྲིམས་སྲོལ་མ་ལག་གྲུབ་པ་དང་། ལམ་ལུགས་ཀྱི་དབང་གྲགས་རང་བཞིན་དང་ལག་བསྟར་ནུས་པ་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྱོང་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། ཉམས་མྱོང་གསར་པ་གལ་ཆེན་གསོག་འཇོག་ཐུབ་ཡོད། ཁྲིམས་ལྟར་ཏང་སྐྱོང་བའི་རང་རྟོགས་རང་བཞིན་དང་བློ་བརྟན་རང་བཞིན་ཤུགས་ཆེར་བཏང་ཐོག ཆབ་སྲིད་ཀྱི་ཁ་ཕྱོགས་ལ་སྟངས་འཛིན་ནན་པོ་བྱེད་པ་དང་། ཆབ་སྲིད་ཀྱི་གནས་ཚད་མཐོ་རུ་གཏོང་བ། ཆབ་སྲིད་ཀྱི་འགན་འཁྲི་འཁུར་བ། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་གནས་བབ་ཧྲིལ་པོར་དམ་པོར་གཞིགས་པ་བཅས་བྱས་ནས། མུ་མཐུད་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་དགོས། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་གྱིས་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོབ་དང་། ཏང་གིས་ཡུན་རིང་སྲིད་འཛིན་བྱེད་པ་དང་། ཡུན་རིང་བདེ་འགོད་ཐད་ནུས་པ་གལ་ཆེན་འདོན་རྒྱུར་འགན་སྲུང་བྱེད་པ་དང་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་རླབས་ཆེའི་ལས་གཞི་གསར་པར་སྐུལ་འདེད་གཏོང་བ། ཁྱོན་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་དོན་འཁྱོལ་བྱེད་པའི་ཐད་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་བྱས་ནས། ཏང་འདི་ཉིད་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལོ་རྒྱུས་འཕེལ་རིམ་ཁྲོད་ཐོག་མཐའ་བར་གསུམ་གྱི་སྲ་ཞིང་བརྟན་པའི་འགོ་ཁྲིད་ཀྱི་སྲོག་ཤིང་ལ་འགྱུར་བ་བྱ་རྒྱུར་འགན་ལེན་དང་། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་རྒྱལ་ཁབ་འཛུགས་སྐྲུན་དང་། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་གྱུར་ཡོང་བ་བྱ་རྒྱུར་སྲ་ཞིང་བརྟན་པའི་ཆབ་སྲིད་ཀྱི་འགན་སྲུང་མཁོ་འདོན་བྱ་དགོས་ཞེས་ནན་སྟོན་གནང་འདུག 
    རྒྱལ་ཡོངས་ཀྱི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལས་དོན་གྲོས་ཚོགས་དེ་སྤྱི་ཟླ་12པའི་ཚེས་20ཉིན་པེ་ཅིང་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཝང་ཧུའུ་ཉིང་གྲོས་ཚོགས་ལ་ཞུགས་པ་མ་ཟད་གསུང་བཤད་གནང་བ་རེད། ཁོང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་འཐབ་ཇུས་ཀྱི་གནས་བབ་ཧྲིལ་པོ་དང་འཛམ་གླིང་ཐོག་ལོ་བརྒྱའི་ནང་བྱུང་མ་མྱོང་བའི་འགྱུར་ལྡོག་ལ་གཅིག་གྱུར་འཆར་འགོད་བྱེད་པའི་མཐོ་ཚད་ཐོག་ནས། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྱོང་གིས་ཏང་སྐྱོང་ཏང་བཅོས་དང་། ཏང་གི་འགོ་ཁྲིད་ནུས་པ་དང་འགོ་ཁྲིད་ཆུ་ཚད་མཐོ་རུ་གཏོང་རྒྱུའི་ནང་ཟིན་པའི་གོ་བབ་གལ་ཆེན་ལ་རྒྱས་བཤད་གཏིང་ཟབ་གནང་ཡོད་པ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྱོང་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པར་ཁས་ལེན་གང་ལེགས་གནང་བ་དང་། སྒྲིག་སྲོལ་ལྟར་ཏང་བཅོས་སྐྱོང་དང་། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད་བླང་བྱ་གསལ་པོ་བཏོན་ཡོད་ཅིང་། དེས་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ཏང་ཀྲུང་དབྱང་གི་བཀོད་ཇུས་བཀོད་སྒྲིག་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོང་དོན་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱས་ནས། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་མ་ལག་དེ་བས་འཐུས་སྒོ་ཚང་བ་འགྱུར་བ་དང་། ལམ་ལུགས་ལག་བསྟར་དེ་བས་ནན་པ་བྱེད་པ། ལམ་ལུགས་ཀྱི་བཟང་ཆ་དེ་བས་ལེགས་པའི་ཐོག་ནས་བཅོས་སྐྱོང་བྱེད་ནུས་ལ་འགྱུར་བ་བཅས་བྱ་དགོས་ཞེས་གསུངས་འདུག 

    ཝང་ཧུའུ་ཉིང་གིས།  ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གིས་ཡུན་རིང་སྲིད་འཛིན་བྱ་རྒྱུ་དང་། རྒྱལ་ཁབ་ཀྱི་ཡུན་རིང་བདེ་འཁོད་ལ་གཞིགས་ནས། གསར་གཏོད་རང་བཞིན་ལྡན་པའི་ཐོག་ནས་ཏང་གིས་གཅིག་ནས་རྩ་ཁྲིམས་དང་བཅའ་ཁྲིམས་ལྟར་རྒྱལ་སྐྱོང་སྲིད་འཛིན་བྱ་དགོས་ལ། ད་དུང་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལ་གཞིགས་ནས་ཏང་སྐྱོང་ཏང་བཅོས་བྱ་དགོས་ཞེས་བཏོན་ཡོད་པ་དང་། དུས་རབས་གསར་པའི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྱོང་ཐད་གལ་ཆེའི་ཆོད་སྡོམ་དང་རྒྱས་བཤད་གཏིང་ཟབ་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྒྲིག་སྲོལ་ལྟར་ཏང་བཅོས་སྐྱོང་བྱ་རྒྱུའི་ཐད་ཀྱི་རྣམ་བཤད་གལ་ཆེན་གྱིས། སྒྲིག་སྲོལ་ལྟར་ཏང་བཅོས་སྐྱོང་རྒྱུན་འཁྱོངས་བྱ་རྒྱུ་དང་། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་གཞི་རྩའི་གནད་དོན་ལ་ཁྱོན་ཡོངས་ནས་རྒྱས་བཤད་གནང་བ་དང་། ཏང་འཛུགས་སྐྱོང་དང་ཏང་གིས་ཡུན་རིང་སྲིད་འཛིན་བྱེད་པའི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་ཟབ་ཏུ་བཏང་ཡོད། དེ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན། རྒྱང་སྐྱོད་ལམ་བུ་གསར་པའི་ཐོག ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་། ཏང་ནང་གི་ཁྲིམས་སྲོལ་ལས་དོན་གྱི་སྤུས་ཚད་ཁྱོན་ཡོངས་ནས་མཐོ་རུ་བཏང་སྟེ། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྱོང་ཐད་ཟམ་མི་ཆད་པར་གོམ་སྟབས་གསར་པ་སྤོ་དགོས་ཞེས་གསུངས་འདུག 

    ཏིང་ཞུའེ་ཞང་གིས་གྲོས་ཚོགས་ཐོག་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་གནང་བ་མ་ཟད་གྲོས་ཚོགས་གཙོ་སྐྱོང་གནང་བ་རེད། ཡང་ཞའོ་ཏུའུ་དང་། ཁྲེན་ཞི། ཀུའོ་ཧྲེང་ཁུན། ཧོང་ཁུན་མིང་བཅས་གྲོས་ཚོགས་ལ་ཕེབས་ཡོད་པ་རེད། 

    ནང་སོག་རང་སྐྱོང་ལྗོངས་དང་། སི་ཁྲོན་ཞིང་ཆེན། ཀྲུང་དབྱང་སྒྲིག་ཨུད་རྒྱལ་ཁབ་ལྟ་ཨུད། ཀྲུང་དབྱང་རྩ་འཛུགས་པུའུ། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ལས་དོན་ཨུ་ཡོན་ལྷན་ཁང་སོགས་ས་གནས་དང་སྡེ་ཚན་གྱི་འགན་འཁུར་བློ་མཐུན་གྱིས་སྤེལ་རེས་གཏམ་བཤད་གནང་བ་རེད། 

    ཞིང་ལྗོངས་དང་གྲོང་ཁྱེར་ཁག་དང་། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་སྡེའི་ཏང་ཨུད་ཀྱི་འགན་འཁུར་བློ་མཐུན། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན། འབྲེལ་ཡོད་མི་དམངས་ཚོགས་པ། ཀྲུང་དབྱང་དམག་ཨུད་གཞུང་དོན་ཐིང་གི་འགན་འཁུར་བློ་མཐུན། འབྲེལ་ཡོད་མཐོ་སློབ་ཏང་ཨུད་ཀྱི་འགན་འཁུར་བློ་མཐུན་གྲོས་ཚོགས་ལ་ཞུགས་ཡོད་པ་རེད། གྲོས་ཚོགས་དེ་བརྙན་འཕྲིན་ཁ་པར་ཚོགས་འདུའི་རྣམ་པའི་ཐོག་ནས་འཚོགས་ཡོད་པ་རེད། ཞིང་ལྗོངས་དང་གྲོང་ཁྱེར་ཁག་དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་སྡེར་ཡན་ལག་ཚོགས་ར་བཙུགས་ཡོད་པ་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1