མྱུར་བགྲོད་གཞུང་ལམ་འདི་སང་ལོར་འགྲུབ་རྒྱུ་རེད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།བོད་ལྗོངས་ཉིན་ཚགས། སྤེལ་དུས། 12-24




           ཉེ་དུས་གསར་འགོད་པར་ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ནས་ཤེས་རྟོགས་བྱུང་བར། བོད་ལྗོངས་ཀྱི་S5ལམ་ཐིག་ལྷ་ས་ནས་རྩེད་ཐང་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ལས་གྲྭ་2016ལོའི་ཟླ་10པར་སྐྲུན་འགོ་ཚུགས་ཤིང་། མིག་སྔའི་བར་ལས་གྲྭ་དེའི་ལྷ་སའི་དུམ་བུ་དང་ལྷོ་ཁའི་དུམ་བུའི་ལམ་གཞིའི་ལས་གྲྭ་ཆ་ཚང་ལེགས་གྲུབ་ཟིན་པ་དང་ཕུག་ལམ་ལས་གྲྭ་77.13%ལེགས་གྲུབ་ཟིན་ནས་སང་ལོའི་ལོ་མཇུག་ཏུ་རྣམ་གྲངས་དེའི་ལམ་ཐིག་གཙོ་བོ་ཤར་གཏོང་ཐུབ་རྒྱུ་རེད།

           བོད་ལྗོངས་ཀྱི་S5ལམ་ཐིག་ལྷ་ས་ནས་རྩེད་ཐང་བར་གྱི་མྱུར་བགྲོད་གཞུང་ལམ་དེ་ལྷ་ས་དང་ལྷོ་ཁ་གྲོང་ཁྱེར་གཉིས་འབྲེལ་བ་དང་། ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་བདེ་ཆེན་གྲོང་རྡལ་ཉིང་ལྷ་མྱུར་བགྲོད་འབྲེལ་མཐུད་ལྟེ་གནས་ནས་འགོ་བཙུགས་པ་དང་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་བསམ་ཡས་གྲོང་རྡལ་གྱི་གོང་དཀར་ནས་རྩེད་ཐང་བར་གྱི་མྱུར་བགྲོད་གཞུང་ལམ་བར་ཡིན་པ་དེའི་ལམ་ཐག་ལ་སྤྱི་ལེ་47.46ཡོད་པ་དང་། གཞོགས་རེར་རླངས་འཁོར་གཉིས་གཏོང་ཆོག་པ་དང་། ཆུ་ཚོད་རེར་མྱུར་ཚད་སྤྱི་ལེ་80ཡིན་པ། གཞུང་ལམ་གྱི་ཞེང་ཚད་སྨི་23.5ཡིན་པ། ཟམ་པའི་ཞེང་ཚད་སྨི་23.0ཡིན་པ། ཟམ་པ་བསྡོམས་12ཡོད་པ། ཕན་ཚུན་ཤར་གཏོང་ཐུབ་པའི་ཞབས་ཞུའི་ཁུལ་1 ཕན་ཚུན་ཤར་གཏོང་ཐུབ་པའི་ལྟེ་གནས་2བཅས་ཡོད་པ་རེད།

           བོད་ལྗོངས་ཀྱི་S5ལམ་ཐིག་ལྷ་ས་ནས་རྩེད་ཐང་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ལས་གྲྭའི་རྣམ་གྲངས་བསྐྲུན་ཟིན་རྗེས། དེ་སྔོན་ལྷ་ས་ནས་ལྷོ་ཁ་བར་ཆུ་ཚོད་3འགོར་གྱི་ཡོད་པ་ཕྱིས་སུ་ཆུ་ཚོད་1ལས་འགོར་གྱི་མེད་པ་དང་དེས་ལྷ་ས་གྲོང་ཁྱེར་དང་ལྷོ་ཁ་གྲོང་ཁྱེར་དབར་གྱི་ཆུ་ཚོད་1གི་དཔལ་འབྱོར་ཁུལ་བསྐྲུན་པར་རོགས་རམ་ཐུབ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1