པཱ་ཞིའི་བྱང་ཤར་ས་ཁུལ་དུ་མེ་མདས་བརྒྱབ་པའི་དོན་རྐྱེན་ཞིག་བྱུང་སྟེ་མི་དྲུག་རྐྱེན་ལམ་དུ་ཤོར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 12-28


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  པཱ་ཞིའི་བྱང་ཤར་ཕྱོགས་ཀྱི་སེ་ཨ་ལཱ་མངའ་སྡེའི་ཉེན་རྟོག་ཕྱོགས་ཀྱིས་ཚེས་ཉེར་ལྔ་ཉིན་བདེན་དཔང་བྱས་དོན། ཉིན་དེའི་ཞོགས་པར་མངའ་སྡེ་དེའི་ལྟེ་གནས་གྲོང་ཁྱེར་ཧྥུའུ་ཐཱ་ལའེ་སཱའི་ཡེ་ཤུའི་འཁྲུངས་སྐར་གྱི་དགའ་སྟོན་བྱ་འགུལ་ཅིག་ནས་མེ་མདས་བརྒྱབ་པའི་དོན་རྐྱེན་བྱུང་སྟེ། ཉུང་མཐར་ཡང་མི་དྲུག་རྐྱེན་ལམ་དུ་ཤོར་ཡོད་ཟེར། 
        ཉེན་རྟོག་ཕྱོགས་ཀྱིས་བཤད་རྒྱུར། དོན་རྐྱེན་བྱུང་སྐབས་གནོད་ཐེབས་མཁན་གྱིས་རྐང་རྩེད་སྤོ་ལོའི་ར་བ་ཞིག་ཏུ་ཡེ་ཤུའི་འཁྲུངས་སྐར་གྱི་དགའ་སྟོན་བྱ་འགུལ་སྤེལ་བཞིན་ཡོད་པ་དང་། ལག་དམར་གློ་བུར་དུ་གནས་དེར་ཐོན་ནས་མེ་མདས་བརྒྱབ་པས་མི་མང་བོར་ཕོག དེའི་ནང་སྐྱེས་པ་ལྔ་གནས་དེ་ནས་ཚེ་ལས་འདས། རྨས་ཕོག་པའི་བུད་མེད་ཅིག་སྨན་ཁང་དུ་བསྐྱལ་རྗེས་གསོ་བཅོས་བྱས་ཀྱང་ཕན་མ་ཐོགས་པར་རྐྱེན་ལམ་དུ་ཤོར་བ་རེད། གཞན་ཡང་མི་ལྔ་སྨན་ཁང་དུ་མྱུར་སྐྱོབ་བྱེད་བཞིན་ཡོད། ལག་དམར་དག་གིས་རླངས་འཁོར་ཆུང་བ་ཞིག་དང་འཕྲུལ་རྟ་གཉིས་བཀོལ་ནས་བྲོས་བྱོལ་བྱས་པ་རེད་ཟེར། 
        ཉེན་རྟོག་ཕྱོགས་ཀྱིས་རྟོག་ཞིབ་རགས་ཙམ་བྱས་པ་ལྟར་ན་དོན་རྐྱེན་དེ་ནི་བསམ་བཞིན་དུ་མི་བསད་པ་ཡིན་ལ། བྱེ་བྲག་གི་རྒྱུ་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་པའི་སྒང་ཡིན་ཟེར། 
        མིག་སྔར་ཉེན་རྟོག་ཕྱོགས་ཀྱིས་དོགས་ཡོད་ཉེས་ཅན་བརྒྱད་འཛིན་བཟུང་བྱས་པ་དང་། མེ་མདའ་དྲུག་དང་མདེལ་མང་བོ་གཞུང་བཞེས་བྱས་ཡོད་པ་རེད། 
        སེ་ཨ་ལཱ་མངའ་སྡེའི་མགོ་བ་སིང་ཐཱ་ནཱ་ཡིས་བསྟན་དོན། ལག་དམར་དག་ལ་བཅའ་ཁྲིམས་ཀྱི་ཆད་གཅོད་ནན་མོ་ཐེབས་སྲིད་ཟེར།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1