ཏོག་གསར་རིམས་ནད་ཀྱིས་འཛམ་གླིང་ལ་ཉེན་བརྡ་བཏང་ཡོད་གསུངས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 12-30



      ཚེས་27ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐེ་ལེ་སིས་རིམས་ནད་སྔོན་འགོག་གི་རྒྱལ་སྤྱིའི་ཉིན་མོ་གཉིས་པར་བརྙན་ལམ་ཐོག་ཤིས་ཚིག་བརྗོད་སྐབས། ཏོག་གསར་རིམས་ནད་ཀྱིས་འཛམ་གླིང་ལ་ཉེན་བརྡ་བཏང་བ་རེད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བསླབ་བྱ་དང་ལེན་བྱས་ནས་སྔོན་ཚུད་ནས་གྲ་སྒྲིག་ཡག་པོ་བྱས་ཏེ་འབྱུང་འགྱུར་ཐོན་སྲིད་པའི་ཉམས་ཉེན་ལ་ཁ་གཏད་གཅོག་དགོས་ཞེས་གསུངས་པ་རེད།
     མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐེ་ལེ་སིས་ཏོག་གསར་ནད་དུག་གི་མནར་གཅོད་གང་སྡུག་གཏོང་བའི་ཐོག་ནས་འགོས་ནད་ཅིག་མགྱོགས་མྱུར་འཛམ་གླིང་དུ་ཁྱབ་ཐུབ་པ་དང་འཕྲོད་བསྟེན་མ་ལག་དེ་ཐོར་ཞིག་ཏུ་འགྲོ་བའི་མཐའ་ལ་སྐྱེལ་ཐུབ་པ་མ་ཟད། མི་རྣམས་ཀྱི་རྒྱུན་གཏན་གྱི་འཚོ་བ་མགོ་རྟིང་སློག་ཐུབ་པ་མཚོན་གྱི་ཡོད། མི་རྣམས་ཀྱིས་ཉེ་བའི་ལོ་ཤས་རིང་བྱུང་བའི་འཕྲོད་བསྟེན་ཛ་དྲག་ཆེ་བའི་དོན་རྐྱེན་ཁྲོད་ནས་བསླབ་བྱ་བླངས་མེད་པ་དང་། རིམས་ནད་ཁག་ཅིག་རྒྱལ་མཚམས་བརྒལ་ནས་མཆེད་ཚུལ་བཀག་འགོག་དང་གོ་ལ་ཧྲིལ་པོར་ཁྱབ་པའི་ཐད་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སྔར་བཞིན་གྲ་སྒྲིག་ཡག་པོ་བྱས་མེད་པ་རེད་ཅེས་གསུངས་པ་རེད། 
     ཀུའུ་ཐེ་ལེ་སིས་གསུངས་དོན། འགོས་ནད་ནི་སྔར་བཞིན་རྒྱལ་ཁབ་ཚང་མར་འཕྲད་པའི“མངོན་གསལ་དང་དངོས་ཡོད་ཀྱི་ཉེན་ཁ”ཞིག་རེད། ཏོག་གསར་ནད་དུག་ནི་མིའི་རིགས་ཀྱིས་བརྒྱུད་མྱོང་བའི་ཆེས་མཐའ་མའི་ནད་ཡམས་ཤིག་ཡིན་མི་སྲིད་པས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངེས་པར་དུ་ཐེངས་རྗེས་མའི་འཕྲོད་བསྟེན་ཉམས་ཉེན་ལ་གྲ་སྒྲིག་ཡག་པོ་བྱེད་དགོས།
     ཀུའུ་ཐེ་ལེ་སིས་གསུངས་དོན། རྒྱལ་ཁབ་ཚང་མ་དང་ལྷག་པར་དུ་ཉམས་ཞན་ཡིན་ཤོས་ཀྱི་རྒྱལ་ཁབ་ཀྱིས་སྤུས་ཚད་མཐོ་བའི་ལྟ་ཞིབ་ཚད་ལེན་དང་། ཐོག་མའི་ཤེས་རྟོགས།མགྱོགས་མྱུར་ཚུར་སྣང་འཆར་གཞི་བཅས་ལ་མ་འཇོག་བྱེད་ཤུགས་ཆེ་རུ་གཏོང་དགོས། ས་གནས་རིམ་པའི་དམའ་རིམ་འཕྲོད་བསྟེན་དང་ལུས་ཁམས་བདེ་སྲུང་ལ་ཤུགས་སྣོན་རྒྱག་དགོས། མི་ཚང་མར་འདྲ་མཉམ་ངང་རིམས་འགོག་སྨན་ཁབ་ཐོབ་པ་སོགས་ཚེ་སྲོག་སྐྱོབ་པའི་ཐེ་ཇུས་བྱ་ཐབས་སྤྱོད་རྒྱུ་འགན་ལེན་བྱེད་དགོས། དམངས་ཡོངས་ཀྱི་བདེ་ཐང་ཁེབས་པར་བྱ་དགོས། ཁོང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཐུན་སྒྲིལ་བྱ་རྒྱུ་ཤུགས་སྣོན་བྱས་ནས“རྒྱལ་ཁབ་ཚང་མར་འགོས་ནད་མཆེད་རྒྱུ་བཀག་འགོག་བྱེད་པའི་གོ་སྐབས་ཤིག་མཁོ་འདོན་བྱེད་དགོས”ཞེས་ནན་བཤད་གནང་བ་རེད།
     ན་ནིང་གི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐབས་75པའི་ཚོགས་ཆེན་ཐོག་ལོ་རེའི་ཟླ་12ཚེས་27ཉིན་ནི་ནད་ཡམས་འགོག་པའི་རྒྱལ་སྤྱིའི་ཉིན་མོར་གཏན་འཁེལ་བྱ་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས་ཡོད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1