རྗེ་བཙུན་ཤེས་རབ་རྒྱ་མཚོ་མཆོག་སྐུ་འཁྲུངས་ནས་ལོ་འཁོར་བརྒྱ་དང་སུམ་ཅུ་འཁོར་བའི་རྗེས་དྲན་ཚོགས་འདུ་ཟི་ལིང་དུ་འཚོགས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-12


            སྤྱི་ཟླ་2པའི་ཚེས་4ཉིན། དགེ་བའི་བཤེས་གཉེན་ཆེན་པོ་རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོ་འཇམ་དཔལ་དགྱེས་པའི་བློ་གྲོས་མཆོག་སྐུ་འཁྲུངས་ནས་ལོ་འཁོར་བརྒྱ་དང་སུམ་ཅུ་འཁོར་བར་རྗེས་དྲན་ཞུ་བའི་ཚོགས་འདུ་དང་། སློབ་གསོའི་ཕྱག་ལས་ལ་ལྷག་བསམ་རྣམ་པར་དཀར་ཞིང་། སྙིང་སྟོབས་ཀྱི་གོ་ཆ་བརྟན་པའི་དགེ་རྒན་སྒྲོལ་མ་འབུམ་ལགས་ཀྱིས་དགེ་བཤེས་རིན་པོ་ཆེ་མཆོག་གི་མཛད་རྣམ་རྗེས་སུ་དྲན་པའི་ལེགས་སྐྱེས་སུ་བརྩམས་པའི་དཔེ་ཆ་《ལེགས་བཤད་ནོར་བུའི་ཕྲ་མཆོག་ལ་རན་པའི་འགྲེལ་བཤད་གསེར་གྱི་གའུ།》པར་སྐྲུན་འགྲེམ་སྤེལ་གྱི་བགྲོ་གླེང་ཚོགས་འདུ་མདོ་ཁམས་གཡེར་མོ་ཐང་གི་ལྟེ་བ་གནའ་མཁར་ཟི་ལིང་གྲོང་ཁྱེར་དུ་བདེ་བླག་ངང་འཚོགས།


          ཐེངས་འདིའི་རྗེས་དྲན་ཚོགས་འདུའི་ཐོག་དགེ་བཤེས་རིན་པོ་ཆེ་མཆོག་གི་དྲུང་ཡིག་དང་མཚོ་སྔོན་ཞིང་ཆེན་ཡིག་བསྒྱུར་ཁང་གི་འགོ་གཙོ་ཆོས་དཔལ་རྒྱ་མཚོ། སྦྲང་ཆར་དུས་དེབ་ཀྱི་གཙོ་སྒྲིག་པ་དང་ཞུས་ཆེན་རྩོམ་སྒྲིག་པ་ཟླ་བ་བློ་གྲོས། མཚོ་སྔོན་ཞིང་ཆེན་ནང་བསྟན་སློབ་གླིང་གི་གླིང་གཙོ་ཕུན་ཚོགས། མང་ཚོགས་སྒྱུ་རྩལ་དུས་དེབ་ཀྱི་གཙོ་སྒྲིག་པ་དང་ཞུས་ཆེན་རྩོམ་སྒྲིག་པ་མཁའ་འབུམ། རྡོ་སྦིས་སློབ་ཁུལ་གྱི་ཕུལ་བྱུང་དགེ་རྒན་བཀྲ་ཤིས་རྒྱ་མཚོ། རྡོ་སྦིས་གྲྭ་ཚང་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨ་ཁུ་སྐལ་བཟང་ཚོགས་གཉིས་གཙོས་པའི་མཚོ་སྔོན་མི་རིགས་སློབ་ཆེན་དང་། མཚོ་སྔོན་དགེ་ཐོན་སློབ་ཆེན། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། མཚོ་སྔོན་བརྙན་འཕྲིན་ཁང་། མཚོ་སྔོན་བོད་ཡིག་གསར་འགྱུར་ཚགས་པར་ཁང་། ཞོན་ཧྭ་བོད་ཡིག་སློབ་འབྲིང་། རྡོ་སྦིས་ཡུལ་ཚོ་སྲིད་གཞུང་། རྡོ་སྦིས་སློབ་ཁུལ་དང་སློབ་འབྲིང་བཅས་ནས་ཕེབས་པའི་གདན་ཞུས་སྐུ་མགྲོན་བཞི་བཅུ་ལྷག་མཆིས། གཞན་ཡང་རྡོ་སྦིས་གྲྭ་ཚང་གི་སྤྲུལ་སྐུ་ཐོགས་མེད་དང་། རྩེ་པོ་ཏ་ལ་དོ་དམ་ཁང་གི་སྐུ་ཞབས་བཀྲ་ཤིས་ཚེ་བརྟན་སོགས་ཀྱིས་ཀྱང་ཁ་པར་དང་འཕྲིན་ཡིག་གི་ལམ་ནས་རྗེས་དྲན་ཚོགས་འདུ་ལ་ཤིས་ཚིག་ཕུལ་འདུག

             རྡོ་སྦིས་དགེ་བཤེས་རིན་པོ་ཆེ་ལ་རྗེས་དྲན་ཚོགས་འདུ་འདི་འདྲ་ཞིག་བསྡུ་དགོས་པའི་དམིགས་ཡུལ་དང་རྒྱུ་མཚན་ནི། ང་ཚོས་དགེ་བཤེས་རིན་པོ་ཆེ་མཆོག་གི་བཀའ་དྲིན་རྗེས་སུ་དྲན་པ་དང་། དགེ་བཤེས་རིན་པོ་ཆེ་མཆོག་གི་མཁྱེན་རབ་ཀློང་དུ་བརྡོལ་བ་ལས་འཁྲུངས་པའི་གསུང་རྩོམ་ཟབ་ཅིང་བརླིང་བ་རྣམས་དང་། མཛད་པ་འཕྲིན་ལས་རྒྱ་ཆེ་བ་ལ་སློབ་སྦྱོང་དང་ཞིབ་འཇུག་བྱ་དགོས་པས་ཡིན། དེ་བས་ད་ཐེངས་ཀྱི་བགྲོ་གླེང་ཚོགས་འདུ་འདི་ནི་དགེ་བཤེས་རིན་པོ་ཆེར་རྗེས་དྲན་ཚོགས་འདུ་འཚོག་རྒྱུའི་གོམ་པ་དང་པོ་སྤོས་པ་ཡིན་ལ། དགེ་རྒན་སྒྲོལ་མ་འབུམ་ལགས་ཀྱི་བརྩམས་ཆོས་འདི་ཡང་དགེ་བཤེས་རིན་པོ་ཆེ་མཆོག་ལ་རྗེས་དྲན་དུ་ཕུལ་བའི་ལེགས་སྐྱེས་དཔེ་ཆ་ཐོག་མའམ་རྨང་གཞི་འགངས་ཆེན་ཡིན། རྗེས་ཕྱོགས་མུ་མཐུད་དུ་རྨང་གཞི་འདིའི་སྟེང་ནས་རྗེས་དྲན་ཚོགས་འདུའི་བརྗོད་གཞི་རྒྱ་ཇེ་ཆེ་དང་གཏིང་ཇེ་ཟབ་ཏུ་བཏང་ནས། དགེ་བཤེས་རིན་པོ་ཆེའི་མཛད་རྣམ་དང་གསུང་རྩོམ་ལ་སློབ་སྦྱོང་དང་ཞིབ་འཇུག་གི་མ་ལག་འཐུས་སྒོ་ཚང་བར་བཏང་ནས། འཛམ་གླིང་རིག་གཞུང་ཞིབ་འཇུག་གི་ཁྲོད་ནས་དགེ་བཤེས་ཤེས་རབ་རྒྱ་མཚོ་མཆོག་གི་མཁས་བཙུན་བཟང་གསུམ་དང་འཆད་རྩོད་རྩོམ་གསུམ་སོགས་མཛད་བཟང་གསེར་ཞུན་གྱི་རང་མདངས་སླར་ཡང་ཆེས་ཆེར་འཕྲོ་རུ་གཞུག་རྒྱུ་ནི་ང་ཚོ་རྗེས་རབས་པ་རྣམ་པའི་ཕྲག་སྟེང་དུ་བབ་ཅིང་བཤོལ་ཐབས་མེད་པའི་འོས་འགན་ཉག་ཅིག་ལགས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1