ལོ་འདིར་དོན་སྙིང་ཆེན་པོ་ལྡན།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 01-06



——ཀྲུའུ་ཞི་ཞི་ཅིན་ཕིང་གི་2022ལོའི་ལོ་གསར་ཤིས་ཚིག་གི་བློ་འབྱེད་ཟིན་ཐོ། ⑴

འདི་ག་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།

        “ལོ་འདིར་ཕྱིར་དྲན་བྱེད་སྐབས་སྤྱིར་བཏང་མིན་པའི་དོན་སྙིང་ལྡན་ཡོད། ང་ཚོས་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པའི་དོན་ཆེན་དངོས་སུ་བརྒྱུད་ཡོད”ལོ་གསར་པའི་སྔ་ནུབ་ཏུ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་2022ལོའི་ལོ་གསར་གྱི་ཤིས་ཚིག་གསུངས་ཏེ། བརྗེད་པར་དཀའ་བའི“ཀྲུང་གོའི་སྐད་སྒྲ་དང་། ཀྲུང་གོའི་སྐད་ཅིག་མ། ཀྲུང་གོའི་གཏམ་རྒྱུད”བཅས་ལ་ཕྱིར་དྲན་གནང་བ་དང་། “དཔའ་བོ་སྤྱིར་བཏང་བ་གྲངས་ལས་འདས་པས་དཀའ་སྤྱད་འབད་འཐབ་བྱས་ཏེ་དུས་རབས་གསར་པའི་ཀྲུང་གོས་དཔའ་ངར་ཆེར་བསྐྱེད་ཀྱིས་མདུན་དུ་སྐྱོད་པའི་རླབས་རྒྱུན་ཆེན་པོ་ཞིག་གྲུབ་པར”མོས་བསྟོད་གནང་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གི་བློ་སྟོབས་ཀྱིས་ཕྱུག་པའི་བཀའ་མོལ་དང་། སྤོབས་ཉམས་ཀྱིས་ཕྱུག་པའི་གསལ་བསྒྲགས། ཐུགས་སྣང་ཟབ་པའི་གཟིགས་སྐྱོང་། བརྩེ་བ་ཟབ་པའི་སྨོན་འདུན་བཅས་ལས་མི་དམངས་དུང་ཕྱུར་མང་པོས“ཐུན་མོང་ཐོག་མ་འོངས་པའི་ཕྱོགས་སུ་སྐྱོད་པའི”འབད་འཐབ་ཀྱི་སྤྲོ་སེམས་འཕེལ་བར་བྱས་ཡོད།
        ལོ་བརྒྱའི་གྲུབ་འབྲས་ལས་སྐྱེ་བོའི་སེམས་ཤུགས་འཕེལ། ལོ་བརྒྱའི་ཉམས་མྱོང་ལས་ཀུན་གྱི་བློ་སྒོ་ཕྱེ། 2021ལོ་ནི་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་ངོས་ནས་བརྗོད་ནའང་འདྲ། ཡང་ན་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ངོས་ནས་བརྗོད་ནའང་འདྲ། གང་ལྟར་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པ་ཞིག་རེད། ལོ་འདིར་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུས་པ་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་རྒྱལ་ཁའི་ངང་འཚོགས་པ། ཏང་གི་ལོ་རྒྱུས་གྲོས་ཆོད་ཐེངས་གསུམ་པ་བཟོས་པ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ལས་དོན་སྤེལ་བ། དུས་བཀག་ལྟར་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་བླངས་པ། དུས་བཀག་ལྟར་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་པ་དང་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱས་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཕྱོགས་སུ་སྐྱོད་པའི་རྒྱང་སྐྱོད་ལམ་བུ་གསར་པར་སྐྱོད་འགོ་བཙུགས་ཡོད། གྲུབ་འབྲས་དེ་དག་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ལས་བྱུང་བའི་འབྲས་བུ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཚན་རིག་དང་མཐུན་པའི་ངང་མཛུབ་ཁྲིད་གནང་བའི་འབྲས་བུ། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་སེམས་མཐུན་སྟོབས་སྒྲིལ་དང་དཀའ་སྤྱད་འབད་འཐབ་བྱས་པའི་འབྲས་བུ་བཅས་རེད།
        ལོ་འདིར་ཚང་མས་དཀའ་ལས་བརྒྱབ་པ་དང་ལེགས་སྐྱེས་ཕུལ་ཡོད་ལ་གྲུབ་འབྲས་ཀྱང་ཐོབ་ཡོད། འཛམ་གླིང་ལ་ལོ་བརྒྱར་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་བྱུང་བ་དང་ཏོག་གསར་གློ་ཚད་རིམས་ནད་གོ་ལ་ཧྲིལ་པོར་མཆེད་པའི་ཤུགས་རྐྱེན་ཉིས་བརྩེགས་ཀྱི་མདུན་དུ། རྒྱལ་ནང་གི་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་འགན་ཁག་ལྗིད་རྫོབ་ཆེ་ལ་དཀའ་ཚེགས་ཤིན་ཏུ་ཆེ། ང་ཚོས་འཛམ་གླིང་ལ་ལོ་བརྒྱར་འཕྲད་མ་མྱོང་བའི་འགྱུར་ལྡོག་དང་དུས་རབས་ཀྱི་རིམས་ནད་ལ་བབ་བརླིང་ངང་ཁ་གཏད་བཅག་སྟེ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པའི་ཐད་གོམ་སྟབས་གསར་པ་སྤོས་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་གྲུབ་འབྲས་གསར་པ་ཐོབ་པར་བྱས་ནས“ལོ་ལྔ་ཚན་བཅུ་བཞི་པའི”འགོ་ཡག་པོ་ཞིག་བཙུགས་ཡོད།
        2022ལོར་རང་རེའི་ཏང་གིས་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་འཚོག་རྒྱུ་རེད། འདི་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཕྱོགས་སུ་དཔུང་སྐྱོད་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་སྐྱོད་པའི་དུས་སྐབས་གལ་ཆེན་ཞིག་ཏུ་རང་རེའི་ཏང་གིས་འཚོག་པའི་གལ་འགངས་ཤིན་ཏུ་ཆེ་བའི་འཐུས་མིའི་ཚོགས་ཆེན་ཞིག་རེད་ལ། ཏང་དང་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཀྱང་རེད། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་ཡག་པོ་ཞིག་འཚོག་རྒྱུ་དེ། ཏང་ཡོངས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་དང་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་རླབས་པོ་ཆེ་ལེན་པ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ཆེད་མུ་མཐུད་འབད་འཐབ་བྱེད་པ་བཅས་ཀྱི་ངོས་ནས་བརྗོད་ན་གལ་འགངས་ཆེ་ལ་གཏིང་ཟབ་པའི་དོན་སྙིང་ལྡན་པ་ཞིག་རེད།
        ད་ཆ་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བ་བྱ་རྒྱུ་དེ་ལྡོག་ཐབས་མེད་པའི་ལོ་རྒྱུས་ཀྱི་འཕེལ་རིམ་དུ་སླེབས་ཤིང་། ང་ཚོས་མགོ་བོ་བཏེགས་ཤིང་གོམ་ཞེང་ཆེན་པོས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་ལམ་བུར་སྐྱོད་བཞིན་ཡོད། དུས་མཚུངས་སུ། དུས་རབས་ཀྱི་རིམས་ནད་ཀྱི་རྡབ་རྡེག་འོག འཛམ་གླིང་ལ་ལོ་བརྒྱར་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་མགྱོགས་མྱུར་འཕེལ་འགྱུར་འགྲོ་བཞིན་པ་དང་། ཕྱི་ཕྱོགས་ཀྱི་ཁོར་ཡུག་སྔར་བས་རྙོག་འཛིང་ཆེ་ལ་ཛ་དྲག་པ་དང་གཏན་འཁེལ་མེད་པ། མདུན་སྐྱོད་ཀྱི་ལམ་བུར་སྔར་བཞིན་ཚོད་དཔག་ཐུབ་པ་དང་ཚོད་དཔག་དཀའ་བའི་ཉེན་ཁ་དང་འགྲན་སློང་སྣ་ཚོགས་གནས་ཡོད་པ་བཅས་ངེས་པར་དུ་རིག་པ་དྭངས་གསལ་གྱི་སྒོ་ནས་མཐོང་བ་བྱེད་དགོས། ཀྲུའུ་ཞི་ཞི་ཅིན་ཕིང་གིས“ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ནི་ལས་སླ་པོར་འབྱུང་བ་དང་། རྔ་རྡུང་དར་འཕྱར་བྱས་པ་ཙམ་གྱིས་མངོན་འགྱུར་ཐུབ་པ་ཞིག་མིན་ལ། ལམ་བདེ་པོ་ཞིག་དང་འཕྲལ་མར་སྒྲུབ་ཐུབ་པ་ཞིག་དེ་བས་མིན”ཞེས་ནན་བཤད་གནང་བ་ལྟར་རེད།
        འབད་འཐབ་ལ་བརྟེན་ནས་ལོ་རྒྱུས་རྩོམ། དངོས་སྒྲུབ་ལ་བརྟེན་ནས་འབྱུང་འགྱུར་གཏོད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཕུགས་བསམ་དང་དད་སེམས་ཀྱི་དར་ཆ་མཐོན་པོར་སྒྲེང་བ་དང་། ཀྲུང་ཧྭའི་བུ་ཕྲུག་གི་མཐུན་སྒྲིལ་ཆེ་མོར་ཤུགས་སྣོན་རྒྱག་པ། ཀུན་སེམས་གཅིག་ཏུ་འདུས་པའི་བསམ་པའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ། དཔའ་ངར་ཞུམ་མེད་ཀྱིས་མདུན་སྐྱོད་བྱེད་པའི་བློ་རྩ་བརྟན་པོ་རྒྱུན་འཁྱོངས་བྱེད་པ། སྟག་རྒོད་ངར་མའི་རྫིག་ཉམས་མངོན་པ་བཅས་བྱས་ནས་དུས་རབས་གསར་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག རྒྱལ་ཁ་སྔར་བས་རླབས་པོ་ཆེ་དང་གཟི་བརྗིད་སྔར་བས་རླབས་པོ་ཆེ་ཐོབ་པར་བྱས་ཏེ་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1