ཚང་མར་དེ་བས་ལེགས་པའི་འཚོ་བ་སྐྱེལ་དུ་འཇུག་དགོས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 01-11



—— ཀྲུའུ་ཞི་ཞི་ཅིན་ཕིང་གི་2022ལོའི་ལོ་གསར་གྱི་ཤིས་ཚིག་གི་བློ་འབྱེད་ཟིན་ཐོ།

འདི་ག་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།
        “རྒྱལ་ཁབ་ཆེན་པོར་རྒྱལ་ཁབ་ཆེན་པོའི་འགན་འཁྲི་ཡོད། བྱ་བ་ཆེ་ཆུང་སྣ་ཚོགས་མཐར་གཏུགས་ནས་བཤད་ན་ཁྱིམ་ཚང་ཁྲི་སྟོང་མང་པོའི་དོན་དག་རེད”ཅེས་2022ལོའི་ལོ་གསར་ཤིས་ཚིག་ནང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དམངས་འཚོའི་བདེ་སྡུག་དང་ཁྱིམ་ཚང་ཁྲི་སྟོང་མང་པོའི་དོན་དག་ཐུགས་ལ་འཆང་བཞིན“གང་ཞིག་དམངས་ཀྱིས་སེམས་ཁྲལ་བྱེད་ས་དེ། ང་ཡིས་ཅིས་ཀྱང་ཡིད་ལ་བཟུང་བྱ་ཡིན། གང་ཞིག་དམངས་ཀྱིས་རེ་སྒུག་བྱེད་ས་དེ། ང་ཡིས་ཅིས་ཀྱང་ལེགས་པར་བསྒྲུབ་བྱ་ཡིན”ཞེས་ནན་བཤད་གནང་བ་དང་། “ཚང་མའི་འཚོ་བ་དེ་བས་ལེགས་པ་ཞིག་སྐྱེལ་ཕྱིར། ང་ཚོས་མིག་མདུན་གྱི་གྲུབ་འབྲས་ལ་བློ་ཡིད་ཚིམ་ནས་སྡོད་རྒྱུ་མེད། ད་དུང་ལམ་ཐག་རིང་པོ་འགྲིམ་དགོས”ཞེས་བསྟན་གནང་ཡོད། དྲོ་སྐྱིད་ཀྱིས་ཕྱུག་པའི་བཀའ་མོལ་དང་ལྷག་བསམ་ཟོལ་མེད་ཀྱི་བརྩེ་སེམས་ལས་ཏང་ཆེན་པོ་དང་རྒྱལ་ཁབ་ཆེན་པོའི་གཙོ་འཛིན་གྱིས་མི་དམངས་ལ་བཅངས་པའི་བརྩེ་སེམས་ཟབ་མོ་མངོན་ཡོད་ལ། ཀྲུང་གོ་གུང་ཁྲན་ཏང་མིའི་འགྱུར་མེད་ཀྱི་རིན་ཐང་དོན་གཉེར་ལ་གསལ་འགྲེལ་གང་ལེགས་བྱས་ཡོད།
        2021ལོར། ཀྲུའུ་ཞི་ཞི་ཅིན་ཕིང་སྔ་རྗེས་སུ་གཞི་རིམ་དུ་བརྟག་ཞིབ་ཐེངས་10གནང་བར་ཕེབས་ཤིང་། ལོ་གསར་གྱི་ཤིས་ཚིག་ནང་ཀྲུའུ་ཞི་ཞི་ཅིན་ཕིང་གིས“ངས་ས་ཁུལ་འགའ་རེར་བརྟག་ཞིབ་བྱེད་རིང་། གནས་ཚུལ་མི་ཉུང་བ་ཞིག་མཐོང་ཐོས་བྱུང་ཞིང་། དེ་དག་གིས་བློ་སྒོ་ཡག་པོ་ཕྱེ་བྱུང་ལ་ཕན་འབྲས་ཆེན་པོ་ཐོན་བྱུང་། མང་ཚོགས་ཀྱི་ཁྱིམ་དུ་སླེབས་རིམ་བཞིན་ད་དུང་དཀའ་ངལ་གང་འདུག་གམ་ཞེས་ཡང་ཡང་འདྲི་གི་ཡོད། ཁོང་ཚོས་བཤད་པའི་སྐད་ཆ་ཚང་མ་ངས་སེམས་ནང་ཉར་ཡོད”ཅེས་བརྩེ་སེམས་ཟབ་མོས་གསུངས། ལ་བརྒྱབ་ཆུ་བརྒལ་ལམ་ཐག་ལེ་དབར་ཁྲི་ཕྲག་འགྲིམས། མི་དམངས་ཞེས་པའི་ཡིག་འབྲུ་གཉིས་པོ་ཀུན་ལས་ལྷག་པར་འཛིན། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་མ་ཐག་ནས་ཀྲུང་གོ་མི་དམངས་ཆེད་བདེ་སྐྱིད་དོན་གཉེར་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཆེད་བསྐྱར་དར་དོན་གཉེར་བྱེད་རྒྱུ་དེ་རང་ཉིད་ཀྱི་ཐོག་མའི་བསམ་འདུན་དང་འགན་འཁྲིར་གཏན་འཁེལ་བྱས་ཡོད། ལོ་ངོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་ལམ་བུར་ཕྱིར་ལྟ་བྱེད་སྐབས། རང་རེའི་ཏང་གིས་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་བྱས་ཤིང་། དེའི་རྩ་བའི་དམིགས་ཡུལ་ནི་མི་དམངས་རྣམས་འཚོ་བ་ཡག་པོ་སྐྱེལ་ཐུབ་པ་བྱེད་རྒྱུ་དེ་རེད། འགྲན་སློང་དང་གནོན་ཤུགས་ཆེན་པོ་གང་ཞིག་འཕྲད་པ་དང་། བློས་གཏོང་དང་རིན་དོད་གང་ཞིག་བྱེད་དགོས་རུང་དེའི་ཐད་ཐོག་མཐའ་བར་གསུམ་དུ་འགྱུར་ལྡོག་ཕྱིན་མེད་ལ་གཡོ་འགུལ་སྤུ་ཙམ་ཡང་ཐེབས་མེད། རང་རེའི་ཏང་ནི་མི་དམངས་ཁྲོད་ནས་བྱུང་བ་དང་། མི་དམངས་ཁྲོད་རྩ་བ་ཚུགས་པ། མི་དམངས་ལ་ཞབས་འདེགས་ཞུ་བ་བཅས་ཡིན་པས། མི་དམངས་ནི་ཏང་གི་སྲིད་སྐྱོང་རྒྱལ་དར་གྱི་གཏིང་ཤུགས་ཆེ་ཤོས་དེ་རེད། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པས་ཏང་གི་ལོ་རྒྱུས་ཀྱི་གྲོས་ཆོད་གསུམ་པ་བཏོན་པ་དེས་ཏང་ཡོངས་ལ་དུས་རབས་གསར་པའི་མདུན་སྐྱོད་ཀྱི་རྒྱང་སྐྱོད་ལམ་བུར་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་ཏེ“གང་ནས་ཡོང་བ་དང་། གང་དུ་འགྲོ་མིན”གྱི་གཞི་རྩའི་བརྗོད་གཞི་དེར་ལན་ཡག་པོ་རྒྱག་པ་དང་། ཐོག་མཐའ་བར་གསུམ་དུ་ཏང་དང་མི་དམངས་མང་ཚོགས་དབར་གྱི་ཤ་རུས་ལྟ་བུའི་འབྲེལ་བ་རྒྱུན་འཁྱོངས་བྱས་ནས། རྒྱ་ཆེའི་མི་དམངས་མང་ཚོགས་ཚོས་ལོ་བརྒྱའི་ཏང་གི་ལོ་རྒྱུས་ཁྲོད་ནས་ཀྲུང་གོ་གུང་ཁྲན་ཏང་ནི་ཏང་གང་འདྲ་ཞིག་ཡིན་མིན་ངོས་འཛིན་གཏིང་ཟབ་ཐུབ་པ་བྱས་ཏེ། བློ་བརྟན་འགྱུར་མེད་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་དགོས་པའི་བསླབ་བྱ་བྱས་ཡོད།
        དབུལ་ཕོངས་སེལ་བ་དང་། དམངས་འཚོ་ལེགས་སུ་གཏོང་བ། ཐུན་མོང་ཕྱུག་འགྱུར་ཡོང་བ་བྱེད་པ་བཅས་ནི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་བླང་བྱ་དང་། རང་རེའི་ཏང་གིས་བློ་གཅིག་སེམས་གཅིག་གིས་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ་མཐའ་འཁྱོངས་བྱེད་པའི་མཚོན་ཚུལ་གལ་ཆེན་ཞིག་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་ལ་སྣེ་ཁྲིད་བྱས་ཏེ། འགག་སྒྲོལ་དཀའ་སེལ་དང་འབད་འབུངས་མདུན་སྐྱོད་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་ལ་མཐའ་མའི་རྒྱལ་ཁ་བླངས་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་བཅད་ཡོད། 2021ལོར། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བའི་ལོ་རྒྱུས་ཀྱི་དུས་སྐབས་གལ་ཆེན་འདིར། ང་ཚོས་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱས་ནས་ཀྲུང་ཧྭའི་ས་གཞི་ཆེ་མོའི་ཐོག་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཏེ་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་དབུལ་པོ་དབུལ་ནག་གི་གནད་དོན་ཐག་གཅོད་བྱས་པ་དང་། ཏང་གིས་མི་དམངས་དང་ལོ་རྒྱུས་ལ་གཟི་བརྗིད་ལྡན་པའི་ཁས་ལེན་ཁ་བཤད་ལག་བསྟར་བྱས་པ། འཛམ་གླིང་གི་མི་འབོར་དབུལ་པོའི་གཞི་ཁྱོན་ཆུང་དུ་མངོན་གསལ་དོད་པོ་བཏང་བ་བཅས་ལས་མིའི་རིགས་འཕེལ་རྒྱས་ཡར་ཐོན་ཡོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ལོ་གསར་གྱི་ཤིས་ཚིག་ནང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས“ང་རང་ཡང་གྲོང་གསེབ་ནས་ཡོང་བ་ཡིན། དབུལ་ཕོངས་ལ་མྱོང་བ་ཟབ་མོ་ཡོད། མི་རབས་ནས་མི་རབས་བར་རྒྱུན་མཐུད་འབད་བརྩོན་བྱས་པ་བརྒྱུད། དེ་སྔའི་དབུལ་ཕོངས་རྣམས་ད་ཆ་ལྟོས་གྲོད་པ་རྒྱགས་པ་དང་གོས་ཀྱིས་ལུས་པོ་དྲོད་པ། སློབ་གྲྭར་འགྲོ་ས་ཡོད་པ་དང་། སྡོད་སའི་ཁང་པ་ཡོད་པ། སྨན་བཅོས་འགན་བཅོལ་ཀྱང་ཡོད”ཅེས་བརྩེ་བ་ཟབ་མོས་བསྟན་གནང་བ་དང་སྦྲགས། “ཕྱོགས་ཡོངས་ཀྱི་འབྱོར་འབྲིང་དང་དབུལ་གྲོལ་ཐུབ་པ་ནི་རང་རེའི་ཏང་གིས་མི་དམངས་ལ་ཁས་བླངས་པ་ཡིན་ལ། འཛམ་གླིང་ལ་ཕུལ་བའི་ལེགས་སྐྱེས་ཀྱང་རེད”ཅེས་ནན་བཤད་གནང་ཡོད།
        ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་ནི་མཐའ་སྣེ་མིན་པར། འཚོ་བ་གསར་པ་དང་འབད་འཐབ་གསར་པའི་འགོ་ཚུགས་ས་རེད། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱུང་བས། ཀྲུང་གོ་གུང་ཁྲན་ཏང་གི་འབད་འཐབ་ཀྱི་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་འཕེལ་རྒྱས་ཀྱི་ལོ་རྒྱུས། ཀྲུང་ཧྭ་མི་རིགས་ཀྱི་ཤེས་དཔལ་གྱི་ལོ་རྒྱུས་བཅས་ཚང་མར་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་ཡོད། དེ་དང་དུས་མཚུངས། འདི་ནི་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཕྱོགས་སུ་སྐྱོད་པའི་འགག་རྩའི་གོམ་སྟབས་ཤིག་ཡིན་པ་ང་ཚོས་ངེས་པར་དུ་གསལ་པོར་ཤེས་དགོས། འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་གནད་དོན་ཐག་གཅོད་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་འཕེལ་རྒྱས་ཀྱི་ཧེ་བག་ཆུང་དུ་གཏོང་བ། མིའི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་དང་མི་དམངས་ཚང་མ་ཐུན་མོང་འབྱོར་ཕྱུག་ཡོང་བ་བཅས་ནི་སྔར་བཞིན་ལས་འགན་ལྕི་ལ་ལམ་ཐག་རིང་བ་ཞིག་རེད། ང་ཚོར་ང་རྒྱལ་ཁེངས་དྲེགས་དང་ལྷོད་གཡེང་དང་ངལ་གསོ་བའི་རྒྱུ་མཚན་གང་ཡང་མེད་པས། ངེས་པར་དུ་བབ་བསྟུན་འཕྲལ་སྒྲུབ་དང་། ཡང་འབད་བསྐྱར་འབད། མུ་མཐུད་འབད་བརྩོན་བྱེད་དགོས། ཐམས་ཅད་མི་དམངས་ཀྱི་ཆེད་དུ་ཡིན་པ་དང་ཐམས་ཅད་མི་དམངས་ལ་རྟེན་པ་མཐའ་འཁྱོངས་བྱས་ཏེ། ཐོག་མཐའ་བར་གསུམ་དུ་མི་དམངས་སྙིང་དབུས་ཀྱི་གནས་བབ་མཐོ་ཤོས་སུ་འཇོག་པ་དང་། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་འབད་འཐབ་ཀྱི་དམིགས་ཚད་ལ་བརྩི་བ། སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་བས་མང་བ་དང་དེ་བས་དྲང་གཞག་གི་སྒོ་ནས་མི་དམངས་ཡོངས་ལ་ཕན་པ་འཐོབ་པར་སྐུལ་འདེད་གཏོང་བ། ཐུན་མོང་འབྱོར་ཕྱུག་ལ་དེ་བས་མངོན་གསལ་དོད་པའི་ངོ་བོའི་རང་བཞིན་གྱི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ན། ང་ཚོས་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་དེ་བས་གང་ལེགས་དང་། དེ་བས་འགན་སྲུང་། དེ་བས་རྒྱུན་མཐུད་བཅས་ཡོང་ཐུབ་ངེས་རེད།
        རྒྱལ་སྲིད་ནི་མི་དམངས་ཡིན་ཞིང་མི་དམངས་ནི་རྒྱལ་སྲིད་རེད། རང་རེའི་ཏང་གིས་རྒྱལ་སྲིད་སྐྱོང་བ་དང་རྒྱལ་སྲིད་སྲུང་བ་ནི་མི་དམངས་ཀྱི་སེམས་སྲུང་བ་ཞིག་ཡིན་ཞིང་། རླབས་ཆེན་གྱི་རྒྱང་སྐྱོད་ལམ་བུ་གསར་པར་མི་སེར་ཚོའི་འཚོ་བ་དེ་བས་འབྱོར་ཕྱུག་དང་དེ་བས་བདེ་སྐྱིད་ལྡན་པ་ཡོང་བར་བྱེད་པ་ནི། ཀྲུང་གོ་གུང་ཁྲན་ཏང་མིའི་བརྩེ་བ་འཆང་ས་ཡིན་ལ་འགན་འཁྲི་འཁུར་ས་དེ་བས་རེད། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་དང་། ཐོག་མཐའ་བར་གསུམ་དུ་མི་དམངས་དང་མཉམ་དུ་བསམ་བློ་གཏོང་བ་དང་ལས་ཀ་བྱེད་པ། ནམ་ཡང་མི་དམངས་དང་དབུགས་ལམ་གཅིག་གྱུར་དང་། བདེ་སྡུག་མཉམ་མྱོང་། གཅིག་སེམས་གཅིག་སྦྲེལ་བཅས་བྱས་ན། ཀྲུང་གོའི་མི་དམངས་ཀྱི་ཕུགས་འདུན་རླབས་པོ་ཆེ་མཚོན་པའི་གྲུ་གཟིངས་ཆེན་པོ་རླབས་གཤགས་མདུན་སྐྱོད་ཀྱིས་རྒྱལ་ཁའི་ངང་འོད་སྟོང་འཕྲོ་བའི་འབྱུང་འགྱུར་ཕྱོགས་སུ་བསྐྱོད་ཐུབ་ངེས་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1