༄༅།། མིང་བརྡ་སྐོར་ཞིག་གི་སྒྱུར་ཚུལ་བསྟན་པ་སྤྱི་དོན་འཆར་བའི་མེ་ལོང།

རུ་མང་ཀླུ་མཁར་རྒྱལ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 01-17


རུ་མང་ཀླུ་མཁར་རྒྱལ། མཚོ་སྔོན་མི་རིགས་སློབ་ཆེན།


གླེང་སློང་བ།
        སྤྱི་ཚོགས་འཕེལ་བའི་གོ་རིམ་ཁྲོད་དུ་མིང་མི་ཐོགས་པའི་གསར་བྱུང་བྱ་དངོས་ཇི་སྙེད་ཡོད་པ་དེས་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁ་ཕྱོགས་མཚོན་བཞིན་ཡོད། གསར་བྱུང་བྱ་དངོས་དེ་དག་མཚོན་བྱེད་དུ་བརྡ་ཆད་གསར་པའང་སྒྱེའུ་ནང་སྙུང་བུ་བཞིན་ཐོན་ཞིང་མིང་བརྡའི་ཆུ་གཏེར་ཀློང་གི་གྲུབ་ཆ་གསར་པ་ཞིག་ཏུ་གྱུར་ཡོད། བསྡོམས་རྩིས་ཤིག་ལས་གསལ་བ་ལྟར་ན་དབྱིན་ཡིག་གི་བརྡ་ཆད་གསར་པ་ནི་དུས་ཚིགས་རེར་སྟོང་ཕྲག་ལྷག་འཕེལ་བཞིན་ཡོད་རབས་བཤད་ཅིང་འཛམ་གླིང་སྟེང་གི་སྐད་རིགས་གསོན་ཤུགས་ཆེ་ཤོས་ཀྱི་གྲས་ཤིག་ཏུ་གྱུར་ཡོད་པས།① བརྡ་ཆད་གསར་པའི་ལོ་ཙཱ་ནི་ནམ་ཡང་སྣང་མེད་དུ་འཇོག་འོས་པ་ཞིག་གཏན་ནས་མིན། རང་རེ་པ་རྣམས་ཐ་སྙད་རིག་གནས་ཀྱི་སྐོར་ལ་བློ་རྩེ་གཏོད་པ་ཉུང་ཞིང་སྒོས་སུ་མིང་བརྡ་གསར་པ་སྒྱུར་དུས་སུ་དོགས་དཔྱོད་དང་བསལ་གསེས་མེད་པར་གང་འདོད་ཅི་འདོད་དུ་སྤྱོད་པས་སྐད་ཡིག་གཅིག་གྱུར་ལ་གནོད་ཚབས་འབྱུང་བའི་ཉེན་ཁ་ཆེ། དེ་ཡང་ཕྱི་ཡོང་མིང་བརྡ་ནི་དུས་སྐབས་ངེས་ཅན་ཞིག་གི་བརྒྱུད་རིམ་ཁྲོད་ནས་རིག་གནས་གང་དེའི་ཁོང་གསེང་ལ་ཡོངས་སུ་འཐིམ་པར་འགྱུར་བས། དུས་སྐབས་གསར་པའི་མིང་བརྡ་རྣམས་དག་མོ་དང་གཅིག་གྱུར་ཡོང་བའི་ཐད་ཞིབ་འཇུག་ཐུབ་རྒྱུ་འགངས་ཆེར་མཐོང་ནས། ཁོ་བོས་ཀྱང་རྒྱུན་མཐོང་གི་མིང་བརྡ་སྐོར་ཞིག་དཔེ་གཞི་རུ་བཟུང་ནས་སྒྱུར་ཚུལ་མདོ་ཙམ་བསྟན་པ་གཤམ་ལྟར་ཡིན།

གཅིག “红”ཞེས་པའི་རྒྱ་ཡིག་གི་མིང་བརྡ་སྒྱུར་ཚུལ།

        “红”ཞེས་པའི་རྒྱ་ཡིག་གི་མིང་བརྡ་འདིར《དེང་རབས་རྒྱ་སྐད་ཚིག་མཛོད》②དུ་དོན་དྲུག་ཙམ་དུ་འཇུག་པ་ཡོད་དེ། གཅིག་ནས་ཁྲག་དམར་གྱི་མདོག་ལ་འདྲ་བ་སྟོན་པར་འཇུག་པ་དང་། གཉིས་ནས་དགའ་སྟོན་རྟེན་འབྲེལ་མཚོན་པའི་གོས་དམར་པོ་ལ་འཇུག་པ། གསུམ་ནས་ལམ་ལྷོང་དང་དོན་འཁྱོངས་པའམ་གཞན་གྱི་གཙིགས་མཐོང་དང་དགའ་བསུ་ཐོབ་པ་མཚོན་པར་འཇུག་པ། བཞི་ནས་གསར་བརྗེ་དང་ཆབ་སྲིད་གོ་རྟོགས་མཐོ་བ་མཚོན་པར་འཇུག་པ། ལྔ་ནས་ཁེ་སྤོགས་ལ་འཇུག་པ། དྲུག་ནས་རུས་ལ་འཇུག་པ་བཅས་ཡིན་པས། “红色歌曲”ལ“གསར་བརྗེའི་གླུ་གཞས།” “红货”ལ“བྲིན་ཟོང་།” “红人”ལ“ལམ་ལྷོང་ཅན།” “红运”ལ“ལམ་ལྷོང་འགྲོ་བ།” “红旗”ལ“དར་དམར།” “红糖”ལ“ཀ་ར་ནག་པོ།” “红心”ལ“ལྷག་བསམ་དཀར་པོ།” “红太阳”ལ“ཉི་མ་སེར་པོ།” “红男绿女”ལ“འཕྱོར་ལྡན་ཕོ་མོ།” “红尘”ལ“འཁོར་བ།” “红娘”ལ“སྨྱན་པ།” “红学”ལ“ཁང་དམར་རིག་པ”སོགས་སུ་བསྒྱུར་དགོས་པ་ལས“གླུ་དབྱངས་དམར་པོ་དང་ཚོང་རྫས་དམར་པོ། མི་དམར་པོ། དམར་འགྲུལ། ཀ་ར་དམར་པོ། ལྷག་བསམ་དམར་པོ། ཉི་མ་དམར་པོ། དམར་པོའི་རིག་པ”ལྟ་བུར་བསྒྱུར་མི་རིགས་པ་ཞོར་གྱིས་རྟོགས་ཡོང་།

གཉིས། “颜色”ཞེས་པའི་རྒྱ་ཡིག་གི་མིང་བརྡ་སྒྱུར་ཚུལ།

        “颜色”ཞེས་པའི་རྒྱ་ཡིག་གི་མིང་བརྡ་འདིར《དེང་རབས་རྒྱ་སྐད་ཚིག་མཛོད》③དུ་དོན་བཞི་ཙམ་དུ་འཇུག་པ་ཡོད་དེ། གཅིག་ནས་དངོས་གཟུགས་ཀྱིས་འོད་འགྱེད་པའམ་ལྡོག་འཕྲོ་བྱེད་པ་དང་འོད་རླབས་འཕྲོས་པ་མཐོང་ཚོར་བརྒྱུད་ནས་བྱུང་བའི་འཆར་སྣང་ལ་འཇུག གཉིས་ནས་ངོ་གདོང་དང་བྱད་བཞིན་ལ་འཇུག གསུམ་ནས་གདོང་གི་རྣམ་འགྱུར་ལ་འཇུག བཞི་ནས་གཞན་ལ་མངོན་རྒྱུའི་ངོ་མདོག་དང་སྤྱོད་ལམ་དྲག་པོར་འཇུག་པས། “五种颜色”ལྟ་བུ་ནི་འཇུག་ཡུལ་དང་པོའི་དོན་ལྟར་དུ“ཁ་དོག་སྣ་ལྔ”རུ་འདོགས་དགོས་ཤིང་། “颜色憔悴”ལྟ་བུ་ནི་འཇུག་ཡུལ་གཉིས་པའི་ནང་དོན་ལྟར་དུ“གདོང་མདོག་ཤོར་བ”རུ་འདོགས་འོས། “害羞颜色”ལྟ་བུ་ནི་འཇུག་ཡུལ་གསུམ་པའི་ནང་དོན་ལྟར་དུ“ངོ་གནོང་བའི་རྣམ་འགྱུར”ཞེས་འདོགས་འོས། དེ་བཞིན“颜色革命”ལྟ་བུ་ནི་འཇུག་ཡུལ་བཞི་པའི་དོན་ལྟར་དུ“མདོག་སྟོན་གསར་བརྗེ”ཞེས་བསྒྱུར་དགོས་པ་ལྟ་བུ་ཡིན།

གསུམ། “赤”ཞེས་པའི་རྒྱ་ཡིག་གི་མིང་བརྡ་སྒྱུར་ཚུལ།
    
        “赤”ཞེས་པའི་རྒྱ་ཡིག་གི་མིང་བརྡ་འདིར《དེང་རབས་རྒྱ་སྐད་ཚིག་མཛོད》④དུ་དོན་བརྒྱད་ཙམ་ལ་འཇུག་པ་ཡོད་དེ། གཅིག་ནས་རྒྱ་ཚོས་ལས་ཅུང་སླ་བའི་མདོག་ལ་འཇུག་པ་དང་གཉིས་ནས་སྤྱི་ཁྱབ་ཏུ་དམར་པོར་འཇུག གསུམ་ནས་གསར་བརྗེའི་མཚོན་བྱེད་དེ་ཁྲག་དམར་གྱིས་རང་མོས་བརྩོན་ལེན་བྱས་པ་མཚོན་པར་འཇུག བཞི་ནས་ལྷག་བསམ་དཀར་བར་འཇུག ལྔ་ནས་ཐེར་པོར་འདོན་པའམ་རྗེན་པར་འདོན་པར(ལུས་པོ)འཇུག དྲུག་ནས་སྟོང་པར་འཇུག བདུན་ནས་གསེར་སྨར་པོ་ལ་འཇུག བརྒྱད་ནས་རུས་ལ་འཇུག་པ་བཅས་ཡིན་པས“赤脚”ལྟ་བུ་ནི“རྐང་རྗེན”དུ་བསྒྱུར་བ་དང་། “赤手空拳”ལྟ་བུ་ནི“ལག་སྟོང་མཆན་བཙིར”དུ་བསྒྱུར་བ། “赤字”ལྟ་བུ་ནི“མཚལ་ཡིག”ཏུ་བསྒྱུར་དགོས་པ་ལྟ་བུ་ཡིན།

བཞི། “硬”ཞེས་པའི་རྒྱ་ཡིག་གི་མིང་བརྡ་སྒྱུར་ཚུལ།
        “硬”ཞེས་པའི་རྒྱ་ཡིག་གི་མིང་བརྡ་འདིར《དེང་རབས་རྒྱ་སྐད་ཚིག་མཛོད》⑤དུ་དོན་དྲུག་ཙམ་ལ་འཇུག་པ་ཡོད་དེ། གཅིག་ནས་བྱ་དངོས་ནང་ངོས་ཀྱི་ཆགས་ཚུལ་དམ་ཞིང་ཕྱི་ཤུགས་ཐེབས་ནའང་ཆགས་དབྱིབས་ལ་འགྱུར་བ་གཏོང་དཀའ་བར་འཇུག་པ་དང་། གཉིས་ནས(རང་གཤིས)གྱོང་བ་དང(བློ་རྩ)བརྟན་པ་ལ་འཇུག གསུམ་ནས་བློ་ཐག་རྦད་ཆོད་དང་རང་ཤེད་ཚ་པོར(བྱ་བ་ག་གེ་མོ་བསྒྲུབས་པར)འཇུག བཞི་ནས་ཨུ་ཚུགས་ལ(བྱ་བ་ག་གེ་མོ་བསྒྲུབས་པར)འཇུག ལྔ་ནས(ནུས་པ)ཆེ་བ་དང(སྤུས་ཚད)བཟང་བར་འཇུག དྲུག་ནས་བསྙོན་མེད་པར་འཇུག་པས། “硬木、硬汉、硬话、硬撑、硬手、硬环境、硬任务”ལྟ་བུ་སོགས་ནི་རིམ་པ་བཞིན་དུ“མཁྲེགས་ཤིང་དང་ཕོ་གྱོང་པོ། གཏམ་བཙན་པོ། འཇོན་པོ། ཁོར་ཡུག་སྤུས་བཟང་། ལས་འགན་བསྙོན་མེད”ཅེས་སུ་བསྒྱུར་དགོས་པ་ལྟ་བུ་ལས་ཤེས་པར་བྱ།

ལྔ། “组织”ཞེས་པའི་རྒྱ་ཡིག་གི་མིང་བརྡ་སྒྱུར་ཚུལ།
        “组织”ཞེས་པའི་རྒྱ་ཡིག་གི་མིང་བརྡ་འདིར《དེང་རབས་རྒྱ་སྐད་ཚིག་མཛོད》⑥དུ་དོན་ལྔ་ཙམ་ལ་འཇུག་པ་ཡོད་དེ། གཅིག་ནས་ཁ་ཐོར་དུ་གནས་པའི་མིའམ་དངོས་པོ་དག་མ་ལག་གམ་ཧྲིལ་པོར་གཏོང་བར་འཇུག མི་ཤུགས་རྩ་འཛུགས(组织人力) དགོང་ཚོགས་རྩ་འཛུགས(组织晚会)ལྟ་བུ་ཡིན། གཉིས་ནས་རྩ་ལག་དང་གཞོགས་འདེགས་ཀྱི་འབྲེལ་བར་འཇུག ཆགས་ཚུལ་དམ་པ(组织严密)དང་ཆགས་ཚུལ་ལྷོད་པ(组织松散)ལྟ་བུ་ཡིན། གསུམ་ནས་ཐགས་ཀྱི་རྒྱུ་སྤུན་འཕྲེད་གཞུང་བསྣོལ་བའི་གྲུབ་ཚུལ་ལ་འཇུག ཐགས་རིས་གསེག་མ(斜纹组织)དང་ཐགས་རིས་སྙོམས་མ(平纹组织)ལྟ་བུ་ཡིན། བཞི་ནས་ལུས་ཕུང་ལས་དབང་པོ་འགྲུབ་བྱེད་ཀྱི་སྡེ་ཚན་ཏེ་རྣམ་པ་དང་ནུས་པ་མཚུངས་པའི་ཕྲ་ཕུང་དུ་མ་ཞིག་ཆགས་ཚུལ་ངེས་ཅན་དུ་གྱུར་པ་ལས་གྲུབ་པར་འཇུག པགས་པའི་ཕུང་ཚན(皮组织)དང་འབྲེལ་ཆགས་ཕུང་ཚན(结缔组织)ལྟ་བུ་ཡིན། ལྔ་ནས་དམིགས་དོན་དང་རྩ་ལག་ངེས་ཅན་ལྟར་དུ་བཙུགས་པའི་ཐུན་མོང་ལ་འཇུག ཏང་ཐོན་ཚོགས་པ(党团组织)དང་བཟོ་ཚོགས་ཚོགས་པ(工会组织)ལྟ་བུ་ཡིན།

དྲུག “红包”ཞེས་པའི་རྒྱ་ཡིག་གི་མིང་བརྡ་སྒྱུར་ཚུལ།
        དེ་ཡང་ད་ལྟའི་ཆར“红包”ལ “ཁུག་དམར”ཞེས་སུ་བསྒྱུར་བ་ནི་མི་རིགས་རིག་གནས་ཀྱི་འདུ་ཤེས་འཛིན་སྟངས་དང་སྐད་ཆའི་ཁོར་ཡུག་ལ་གཞིགས་ཏེ་བརྟགས་ན་འཁྲུལ་བ་ལྡན་པ་སྨྲོས་མེད་དུ་མཐོང་ཞིང་དེ་བཞིན་དུ་གཡང་ཁུག་དང་ཤོག་ཆག དམར་ཐུམ་སོགས་ཀྱི་སྒྱུར་སྟངས་ཀྱང་ཚུལ་དེ་བཞིན་ལས་མ་འདས། གཡང་ཁུག་ཅེས་བསྒྱུར་བ་ནི་བོད་རང་ལ་གོ་བདེ་ཞིང་སྔར་ཡོད་བོད་རང་གི་མིང་བརྡ་བེད་སྤྱོད་བཏང་བའི་ཐད་ནས་ཤིན་ཏུ་ལེགས་ནའང་བརྡ་དོན་གང་ཞིག་ཇི་མ་ཇི་བཞིན་དང་གནད་ལ་ཁེལ་བའི་ངང་མཚོན་ཐུབ་མིན་ཐད་ནས་དོགས་གཞི་ཆེ་སྟེ། རྒྱ་ཡིག་གི“红包”ཞེས་པར“压岁钱”ཞེས་ཀྱང་འབོད་ལ་དོན་དུ་རྒྱ་མི་རིགས་ཀྱི་སྲོལ་རྒྱུན་དུ་རྒན་རབས་པས་སྒོར་མོ་ཤོག་ཁུག་ཏུ་བཅུག་ནས་ལོ་སར་སོགས་སུ་རྟགས་རྟེན་འབྲེལ་གྱི་ཚུལ་དུ་བྱིས་པར་ལག་རྟགས་སུ་སྤྲོད་པ་ཞིག་ཡིན་པས་གཙོ་ཆེར་གཞན་ལ་བག་འཁྱོས་སུ་བསྩོལ་རྒྱུ་ཡིན་པར་ཐེ་ཚོམ་མི་དགོས། འོ་ན་རང་ཅག་གིས་གཡང་ཁུག་ཅེས་བསྒྱུར་ན་མིང་བརྡའི་ཕྱེད་ཕྱི་མ་ཁུག་ཅེས་པར་དོ་སྣང་བྱས་ཀྱང་ཆོག་མོད་ཕྱེད་སྔ་མ་ངེས་པར་དུ་གཙིགས་ཆེ་བར་འཛིན་འོས་ཏེ། གཡང་ནི“དཔལ་འབྱོར་ཕུན་སུམ་ཚོགས་པའི་ འམ་བཅུད་དམ་བསོད་ནམས”ཀྱི་དོན་ཡིན་པ་དང་དམངས་ཁྲོད་ཀྱི་ཁ་ངག་ཏུའང“ཟོག་བཙོང་ཡང་གཡང་མི་བཙོང”ཟེར་སྲོལ་ཡོད་ཅིང་། གཉེན་སྟོན་གྱི་ཆོ་ག་སོགས་སུ་ཨ་མས་བུ་མོར་ཁ་གཡང་འབོད་དུས་ཀྱང“སྐྱིད་ཅིག་ཡོད་ན་རང་གིས་ཁྱེར། །གཡང་ཞིག་ཡོད་ན་ཨ་མར་ཞོག །”ཟེར་ལ། གཞན་ཡང་ནག་ཆུ་ས་ཁུལ་དུ“གཡང་མི་ལ་མི་སྤྲོད”ཅེས་ངག་རྒྱུན་ཡོད་པ་ལས་གཡང་ཟེར་བ་ནི་གཞན་ལ་མི་སྟེར་རང་གིས་འཛིན་པ་ཞིག་དང་རང་གིས་བདག་དོམ་བྱེད་པ་ཞིག་ཡིན་པ་གསལ་པོར་རྟོགས་ཐུབ། དེ་བས་གཡང་རྫས་བླུག་པའི་ཁུག་མ་ནི་སྒོར་མོ་བཏུམ་པའི་ཤོག་ཁུག་ལྟར་མགྲོན་པོ་སུ་ཡོང་ལ་སྟེར་བའི་དཔེ་ལར་ནས་མེད་པ་སོགས་ཀྱིས་མཚོན་པ་དོན་གྱི་ཐད་ནས་རྒྱ་ཡིག་གི་མིང་བརྡ་གང་དེའི་བརྡ་དོན་ཇི་བཞིན་དུ་ཐོན་མེད་པའི་སྣང་བ་འཆར་ཞིང་། སྐད་ཆའི་ཁོར་ཡུག་དང་ཡུལ་ཆོས་དད་མོས་ལ་གཞིགས་ནའང་གཡང་ཁུག་ཅེས་པའི་མིང་བརྡ་དེ་ཉིད་ཐད་ཀར་དུ་རྒྱ་ཡིག་གི་མིང་བརྡ་གང་དེའི་ཚབ་བྱེད་པར་སྤྱོད་རུང་དང་འོས་མཐུན་ཞིག་ཀྱང་གདོད་ནས་མིན་པར་མ་ཟད་ད་ལྟའི་མང་ཚོགས་ཀྱི་ཁ་ངག་ཏུའང་ཁྱབ་གདལ་ཕྱིན་མེད་པས་དཔྱོད་ལྡན་དག་ནས་དཔྱད་པར་འཚལ། དེ་ནས་ཁ་ཅིག་གིས་རྒྱ་ཡིག་གི་མིང་བརྡ་གང་དེར་ཤོག་ཆག་ཅེས་བསྒྱུར་ན་ལེགས་ཚུལ་ཡིན་ཤག་ཤག་ཏུ་བརྗོད་ཀྱང་དེ་ལའང་ཡིད་རྟོན་དཀའ་ཞིང་དོན་ལ་འབྱོར་བ་དང་གནད་ལ་ཁེལ་བ་ཞིག་མིན་པར་འདོད་དེ། དཔེར་ན་དབུས་གཙང་ཕྱོགས་སུ་དར་ཁྱབ་ཆེ་བའི་གཞས་ཚིག་ཅིག་ཏུ“ང་ཚོ་ཆོས་གྲོགས་ལྷན་རྒྱས། །བྱེ་མ་དཀར་པོའི་ཤོག་ཆག །བཟས་ན་ཁ་ལ་ཞིམ་པ། །བཞག་ན་དྲི་མ་ཞིམ་པ། །”ཞེས་པ་དེར་བལྟས་ཚེ་ཤོག་ཆག་ནི་ཤོག་ཐུམ་དང་དོན་གཅིག་ཏུ་སོང་འདུག་གཤིས།ཤོག་ཆག་ཡོད་དོ་ཅོག་གི་ནང་རྫོངས་སུ་དངུལ་སྨར་ཡིན་པས་མ་ཁྱབ་པ་ལྟ་བུ་ཞིག་ཏུ་གྲུབ་ཡོད་ཅིང་། ཚིག་མཛོད་སོགས་སུའང་ཤོག་ཆག་ནི་ཤོག་ཐུམ་དུ་དངུལ་སྨར་བཅུག་པ་ལྟ་བུ་ཞིག་ཏུ་འགྲེལ་བཞིན་མཆིས་ཀྱང་དེ་ལ་ཡིད་རྟོན་ཐབས་མི་འདུག དེས་ན་རྒྱ་ཡིག་གི་བརྡ་དོན་གང་དེར་ཡོངས་སུ་འཚམ་པའི་མིང་བརྡ་ཞིག་ཇི་ལྟར་གདགས་དགོས་ཞེ་ན་ད་ལྟ་རེ་ཞིག་གི་རིང་ལ་ཁྱབ་གདལ་ཆེ་བའི་ཐད་བསྒྱུར་གྱིས་ཁུག་དམར་ཞེས་པ་ནས་བརྩམས་ཏེ་བགྲོ་བར་བྱ་སྟེ།ཐོག་མར་དམར་ཞེས་པ་ལ་གོ་བ་གཏིང་ཟབ་ཅིག་ལོན་དགོས། དམར་བ་ཞེས་བྱ་བ་དེར་དཔའ་རིས་སངས་རྒྱས་ལགས་ཀྱི《དག་ཡིག་རིག་པ་གབ་པ་མངོན་ཕྱུང》ཞེས་པར་འདི་ལྟར་ཁུངས་མ་བཙལ་ཡོད་དེ། དམར་ནི་མཚལ་མདོག་དང་། ཤ་ཁྲག་གི་དཔེ་དང་། གལ་བོ་ཆེ་དང་། ནོར་ཁྱད་པར་བ་སྒོར་མོ་སོགས་ལ་འཇུག་པ། དཔེར་ན། དམར་པོ་མཚལ་འདྲའི་གྲོས་ཤིག་བྱེད(《བྱ་སྤྲེལ་གཏམ་རྒྱུད》ལས།)ཅེས་དང་། ཉ་དམར་དད་ཆེ་བས་ལྕགས་ཀྱོའི་ཤ་ལ་ཁྱུར་མིད་བྱས།(《དཔེ་ཆོས་རིན་སྤུངས》ལས།) གསུང་གླེང་ཤིན་ཏུ་དམར་བ་གནང་།(《བླ་མ་དཀར་པོའི་རྣམ་ཐར》ལས།) ནོར་གང་དམར་ཁྱེར་བའི་དབང་མོ་ཆེ།(《མི་ལ་རས་པའི་རྣམ་ཐར》ལས།)སོགས་ཀྱིས་གསལ། དེ་ལྟར་དཔེ་ཆོས་ཕྱི་མ་དེ་ལས་དམར་ནི་ནོར་ཁྱད་པར་བ་སྒོར་མོ་ལ་འཇུག་པ་ཤེས་རྟོགས་ཐུབ་པས་ཁུག་དམར་ཞེས་བརྗོད་པར་སྐད་ཆའི་ཁོར་ཡུག་དང་ཡུལ་ཆོས་དད་མོས་སོགས་ཀྱིས་དོགས་མི་བདེ་ཚེ་ཁུག་སྨར་ཞེས་ན་ཤིན་ཏུ་གསལ་ཆ་ཐོན་ཞིང་དོན་ལ་འབྱོར་བ་འདྲ་སྟེ་སྔར་གྱི་དུས་སུའང་དངུལ་སྨར་ཟེར་བའི་མིང་བརྡ་ཡོད་པ་ལས་ཤེས་པར་བྱ། དེ་བཞིན་དམར་ཐུམ་ཅེས་བསྒྱུར་པས་ཀྱང་ཤོག་ཆག་གི་སྐྱོན་བཞིན་དུ་དམར་ཐུམ་ཡོད་དོ་ཅོག་གི་ནང་རྫོངས་དངུལ་སྨར་ཡིན་པས་མ་ཁྱབ་པའི་སྐྱོན་འབབ་པ་སོགས་ཁོ་བོའི་རྨོངས་བློར་འཆར་བ་མཁྱེན་ལྡན་དག་གིས་བཀའ་མཆིད་གང་ལེགས་ཚངས་པའི་རལ་ཀློང་བཞིན་སྩོལ་གནང་ཡོད་པར་ཞུ་ཞུའོ། །

བདུན། “圣经”ཞེས་པའི་རྒྱ་ཡིག་མིང་བརྡ་སྒྱུར་ཚུལ།
        འདིའི་ཐད་ནས་ཆོས་ལུགས་སོ་སོའི་མིང་བརྡ་དག་ཕན་ཚུན་རྐྱ་བཀར་བ་དང་སྤུ་རིས་རྣམ་པར་ཕྱེ་བའི་དོན་དུ་ནང་པའི་གཞུང་གི་མིང་བརྡ་དག་ཕྱི་རོལ་པའི་གཞུང་གི་མིང་བརྡ་རུ་མཐའ་གཅིག་ཏུ་འཇོག་མི་རུང་བ་ནི་ལྕང་སྐྱ་རོལ་བའི་རྡོ་རྗེ་མཆོག་གིས་མཛད་པའི་ལོ་ཙཱའི་བཞེད་དོན་གྱི་ཆིངས་བཅུ་དྲུག་སྟེ། 1.གོ་རིམ་བཞིན་དུ་བསྒྱུར་བ། 2.གོ་རིམ་བསྣོལ་ནས་བསྒྱུར་བ། 3.ཚིག་ལྷག་རྣམས་དོར་ནས་བསྒྱུར་བ། 4.ཚིག་གི་སྣོན་མ་བཏབ་ནས་བསྒྱུར་བ། 5.མིང་གཅིག་དོན་དུ་མར་འཇུག་ཚུལ་བརྟགས་ནས་བསྒྱུར་བ། 6.བླ་ཐབས་སུ་བསྣན་ནས་བསྒྱུར་བ། 7.འགྲེལ་བ་ནང་གི་རྩ་བ་སྔར་ལུགས་ལྟར་བསྒྱུར་བ། 8.རྩོད་པའི་ཚིག་བརྟགས་ཏེ་རྣོ་ཞིང་བདེ་བར་བསྒྱུར་བ། 9.བསྟོད་སྨད་ཀྱི་ཚིག་ལ་ཉམས་བཏོན་ནས་བསྒྱུར་བ། 10.གཞུང་ལྟར་དུ་བསྒྱུར་བ་ལས་མི་བཅོས་པར་བསྒྱུར་བ། 11.རང་མིང་རྗེན་པར་མི་བསྒྱུར་བ། 12.མངོན་བརྗོད་ཀྱི་མིང་ཇི་བཞིན་དུ་བསྒྱུར་བ། 13.གྲུབ་མཐའ་སོ་སོའི་ཐ་སྙད་ཕན་ཚུན་མི་བསྲེ་བ། 14.དུས་གསུམ་རྣམ་དབྱེ་དང་གཞན་ལྡན་ནམ་གཞན་མི་ལྡན་པའི་རྣམ་གཅོད་སོགས་བརྟགས་ནས་བསྒྱུར་བ། 15.བརྡ་གསར་རྙིང་ལ་བརྟགས་ནས་བསྒྱུར་བ། 16.ཚིག་ལྷུག་གི་ཁྱད་ཕྱེས་ནས་བསྒྱུར་བ་ཞེས་གསལ་བ་ལས་དོན་ཚན༡༣པར་གྲུབ་མཐའ་སོ་སོའི་ཐ་སྙད་ཕན་ཚུན་མི་བསྲེ་བའི་རྩ་དོན་ལྟར་དུ་ནང་བསྟན་ལས་འབྱུང་བའི་མིང་བརྡ་ཡིས་ཆོས་ལུགས་གཞན་གྱི་མིང་བརྡའི་ཚབ་བྱེད་མི་རིགས་སྟབས། དམ་པའི་གསུང་རབ་ཅེས་མི་བསྒྱུར་བར་ཡེ་ཤུ་གསུང་རབ་ཅེས་བསྒྱུར་ན་འགྲིག་པར་སེམས།

བརྒྱད། “图腾崇拜”ཞེས་པའི་རྒྱ་ཡིག་གི་མིང་བརྡ་སྒྱུར་ཚུལ།
        “图腾”ཞེས་པ་ནི་གདོད་མའི་མིས་རང་གི་རིགས་རུས་ལ་འབྲེལ་བ་དམིགས་བསལ་ལྐོག་གྱུར་བ་ཞིག་ལྡན་པར་སྙམ་པའི་སྲོག་ཆགས་དང་རྩི་ཤིང་ངམ་རྩི་ཤིང་མ་ཡིན་པ་གང་དེ་རིགས་རྒྱུད་ཀྱི་སྐྱབས་དང་སྐྱོབ་མ། མཚོན་རྟགས་སུ་བྱེད་པ་ཞིག་ལ་བྱ། མིང་བརྡ་འདི་རྒྱ་ཡིག་ཏུ་ཐོག་མར་ལོ་ཆེན་ཡན་ཧྥུ(严复)ཡིས་བསྒྱུར་བའི《སྤྱི་ཚོགས་འགྲེལ་བ་ཀུན་ལྡན》(《社会通诠》,甄克思著,1904年)ཅེས་པར་འབྱུང་སྟེ། “图腾之称,不始于澳洲而始于北美之红种,顾他洲蛮制乃与不谋而合,此其所以足异也。聚数十数百之众谓之一图腾,建虫鱼鸟兽百物之形,揭橥之为旗帜,凡同图腾,法不得为牝牡之合,所生子女皆从母以奠其居,以莫知其父故也。”ཞེས་པའོ། །དབྱིན་ཡིག་གིtotemཞེས་པའི་ཁུངས་ཀྱང་གླིང་ཆེན་ཨ་མེ་རི་ཁའི་ཨེན་དྷི་ཨན་པའི་ཨར་གྷོན་ཁུང་སྐད་ཁུངས(美洲印第安阿尔冈昆语源)ཡིན་པར་བཤད་དེ། ototeman(ཨོ་ཇེ་པུ་ཝེ།)/.otoema(ཁུ་ལེ)ལྟ་བུ་རེད། དེའི་ཕྱིར“图腾”ཞེས་པ་འདི་དོན་གང་ཞིག་ལ་བསྙེགས་ཏེ་བསྒྱུར་ན“དེའི་གཉེན་ཉེ”དང“དེའི་རྟགས་སམ་ཁྲམ་བྱང”སོགས་ཕྱོགས་གཅིག་ཏུ་ཆད་པར་མི་བསྒྱུར་བས་སྒྲ་བཞིན་དུ་བསྒྱུར་རྒྱུ་དེ་ཐབས་ཤེས་མཆོག་ཏུ་གྱུར་པ་ཞིག་ཡིན་ཏེ། ཨར་གྷོན་ཁུང་སྐད་ཁུངས་སུ་གཏུགས་ནས་བསྒྱུར་བར་རྙོག་དྲ་ཆེ་ནའང་དབྱིན་ཇིའིtotemཞེས་པའི་སྒྲ་གཟུགས་ལ་བསྟུན་ཏེ་ཝ་ལེའི་སྒྲ་ཕབ་སྟངས་ལྟར“ཐོ་ཐེམ”དུ་བྲིས་ན་ལེགས་པར་འདོད་ཅེས་རྨོངས་བློར་འཆར།

མཇུག་བསྡུ་བའི་གཏམ།
        ལོ་ཙཱ་སློབ་པ་དང་ལོ་ཙཱའི་ལག་ལེན་རྩོམ་པ་གང་ཞིག་ལ་ཆ་མཚོན་ནའང་མིང་གི་ལོ་ཙཱ་ནི་ཆེས་ཐོག་མར་འཕྲད་པ་ཞིག་ཡིན། མིང་གི་ལོ་ཙཱའི་གནད་དོན་ཐག་གིས་མ་ཆོད་ན་ཚིག་གི་ལོ་ཙཱའི་གནད་དོན་ཐག་གིས་གཅོད་ཐབས་ཡེ་ནས་མེད། དེ་ཡང་མིང་གི་ལོ་ཙཱའི་གནད་དོན་ཐག་གིས་གཅོད་པ་ལ་ཐབས་རྩལ་ངེས་ཅན་ཞིག་གི་རམ་འདེགས་མེད་པར་གང་བྱུང་དུ་བསྒྱུར་བ་ཡིས་དཀའ་རྙོག་མང་པོ་ཞིག་གི་མཐིལ་བརྡོལ་བར་འགྱུར་བས། དཔྱད་རྩོམ་འདིར་རྩོམ་པ་པོས་ལོ་ཙཱ་ལག་ལེན་བྱས་པའི་ཉམས་མྱོང་གི་རྨང་གཞིའི་སྟེང་ནས་སྔར་ཡོད་ཀྱི་དཔྱད་འབྲས་དུ་མ་དཔྱད་གཞི་རུ་བཟུང་ཞིང་། ད་ལྟའི་དུས་སུ་རྒྱུག་ཆེ་བའི་མིང་བརྡ་གསར་པ་དག་དཔེ་གཞི་རུ་བཟུང་ནས། མིང་གི་ལོ་ཙཱའི་ཐབས་རྩལ་སྐོར་ནས་བྱེ་བྲག་ཏུ་ཆེད་སྤྱོད་མིང་བརྡ་དང་སྤྱིར་བཏང་མིང་བརྡ། ཆེད་ལས་མིང་བརྡ་ཞེས་རིགས་གསུམ་བཀར་ནས་སྤྲོས་པར་མ་ཟད། དེ་དག་རེ་རེ་ལ་ཡང་དཔེ་དུ་མ་བཀོད་ནས་གསལ་པོར་བསྟན་ཡོད། །

① 张健编:《新闻翻译教程》[M] ,上海:上海外语教育出版社,2015.1,第54页。
② 中国社会科学院语言研究所词典编辑部:《现代汉语词典(第7版)》[K] ,北京:商务印书馆,2018.7,第638页。
③ 中国社会科学院语言研究所词典编辑部:《现代汉语词典(第7版)》[K] ,北京:商务印书馆,2018.7,第1508页。
④ 中国社会科学院语言研究所词典编辑部:《现代汉语词典(第7版)》[K] ,北京:商务印书馆,2018.7,第177页。
⑤ 中国社会科学院语言研究所词典编辑部:《现代汉语词典(第7版)》[K] ,北京:商务印书馆,2018.7,第1575页。
⑥ 中国社会科学院语言研究所词典编辑部:《现代汉语词典(第7版)》[K] ,北京:商务印书馆,2018.7,第1750页。


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1