མི་རབས་གསར་པའི་བོད་ལྗོངས་ཀྱི་གསོ་རིག་འབུམ་རམས་པ་རིག་འཛིན།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 01-20



          དུས་ནམ་ཞིག་དང་ཡུལ་གང་ཞིག་ཡིན་རུང་ན་གཞོན་ནི་ནམ་ཡང་དུས་རབས་འདིའི་ཆེས་སྟོབས་ཤུགས་ལྡན་པའི་མི་ཚོགས་ཞིག་ཡིན། མཚོ་བོད་ས་མཐོ་སྟེ་ངོ་མཚར་ཆེ་ལ་གནའ་བོའི་ས་གཞི་འདིས་མི་རབས་ནས་མི་རབས་བར་གྱི་ཕུལ་བྱུང་གཞོན་ནུ་མང་པོ་གསོ་སྐྱོང་བྱས་ཡོད། ཁོང་ཚོ་ཕ་ཡུལ་གྱི་ས་གཞི་ནས་གྱེས་ཏེ་འཛམ་གླིང་གི་ཕྱོགས་སུ་བསྐྱོད་ཡོད། 

          ཁོང་ཚོ་ནི་རིག་གནས་བརྒྱུད་སྤྲོད་བྱེད་མཁན་ཡིན་ལ། དུས་རབས་ཀྱི་གསར་གཏོད་བྱེད་མཁན་ཞིག་ཀྱང་ཡིན། ཁོང་ཚོས་ལང་ཚོ་ཐབས་ལམ་དུ་བྱས་ཏེ་སླར་ཡང་ཕ་ཡུལ་དུ་ལོག་ནས་དུས་རབས་ཀྱི་མདུན་དུ་བསྐྱོད་ཡོད། 

          བོད་རིགས་ཀྱི་ལོ་རྒྱུས་ཐོག་ལོ་ན་ཆུང་ཡང་སྐད་གྲགས་ཆོད་པའི་དཔེ་མཚོན་མང་པོ་ཡོད་པ་ནི། གེ་སར་ལོ་16ལ་སོན་སྐབས་རྒྱལ་པོར་འགྱུར་བ་དང་། གཡུ་ཐོག་ཡོན་ཏན་མགོན་པོས་ལོ་10ནས་སྨན་བཅོས་བྱེད་འགོ་བཙུགས་ཏེ། མཐར་འཛམ་གླིང་ཐོག་སྐད་གྲགས་ཆོད་པའི་བརྩམས་ཆོས་ཆེ་གྲས་༼རྒྱུད་བཞི་༽ཞེས་པ་བརྩམས་ཡོད། ཁོང་ཚོས་ཐོག་མཐའ་བར་གསུམ་དུ་ན་གཞོན་གྱི་གཡུལ་སར་ལངས་ནས་རྒྱལ་ཁ་ལེན་པའི་རྒྱང་རིང་གི་ཕྱོགས་སུ་བསྐྱོད་དེ་འཛམ་གླིང་ཐོག་རིན་ཐང་ཆེ་བའི་བྱས་རྗེས་འཇོག་གི་ཡོད། 

          རིག་འཛིན་ལགས་ནི་འབུམ་རམས་པ་དང་། བོད་ཀྱི་གསོ་བ་རིག་པ་མཁས་ཅན། ཡིག་སྒྱུར་བཅས་ཡིན་པ་མ་ཟད། ཕུལ་བྱུང་སློབ་མ་གསོ་སྐྱོང་བྱེད་མཁས་པའི་དགེ་རྒན་ཞིག་ཀྱང་རེད། ལོ་13ནས་བཟུང་ཁོང་གིས་བོད་ལུགས་གསོ་རིག་སྦྱངས་པ་དང་སློབ་གྲྭ་ཐོན་པའི་སྐབས་སུ་རྒྱལ་ནང་གི་བོད་ལུགས་གསོ་རིག་དང་བོད་སྨན་ལས་རིགས་ཀྱི་ལོ་ན་ཆུང་ཤོས་ཀྱི་འབུམ་རམས་པ་ཞིག་ཏུ་གྱུར། ཁོང་གིས་སློབ་མ་ཚོར་བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཤེས་བྱ་སློབ་འཁྲིད་བྱེད་པ་མ་ཟད་ལས་རོགས་ཚོ་དང་མཉམ་དུ་CCTVརྒྱལ་ཁབ་ཀྱི་གཏེར་མཛོད་ཅེས་པའི་ལེ་ཚན་ནང་ཞུགས་ནས་རྒྱལ་ཡོངས་མི་དམངས་ལ་རྒྱ་ཆེ་ཞིང་གཏིང་ཟབ་པའི་བོད་ལུགས་གསོ་རིག་དང་བོད་སྨན་གྱི་རིག་གནས་ངོ་སྤྲོད་ཀྱང་གནང་མྱོང་ཡོད། 

          རིག་འཛིན་ལགས་ཀྱི་ཕ་ཡུལ་ནི་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་བཀྲ་ཤིས་འཛོམས་ཤང་ཆོས་རྫོང་གྲོང་ཚོར་ཡིན་པ་དང་དེ་ནི་ཇོ་མོ་གླང་མ་དང་བར་ཐག་སྤྱི་ལེ་20ལས་མེད་པའི་གྲོང་ཚོ་ཞིག་རེད། སྤྱང་གྲུང་ལྡན་པ་དང་སློབ་སྦྱོང་ལ་དགའ་པོ་ཡོད་སྟབས་རིག་འཛིན་གྱི་སྦྱངས་འབྲས་ཚང་མ་ཧ་ཅང་ཡག་པོ་ཡོད། ལོ་གསུམ་གྱི་སློབ་སྦྱོང་མཇུག་འགྲིལ་རྗེས་སློབ་གྲྭས་ཚད་ལྡན་གྱི་སློབ་ཐོན་སློབ་མར་སྨན་ཁང་གཉེར་ཆོག་པའི་ཆོག་མཆན་སྤྲད་ཡོད་པས། རིག་འཛིན་གྱི་སློབ་ཕྲུག་མང་ཆེ་བ་རང་ཉིད་ཀྱི་ཕ་ཡུལ་དུ་ལོག་ནས་སྨན་ཁང་གཉེར་འགོ་ཚུགས། ཨ་ཞང་ལགས་ཀྱི་དཔལ་འབྱོར་རྒྱབ་སྐྱོར་འོག་རིག་འཛིན་གྱིས་དགེ་རྒན་ཚོའི་མངགས་བཅོལ་ལྟར་ལྷ་སར་སློབ་སྦྱོང་བྱེད་པར་བསྐྱོད། རྒྱ་ཡིག་དང་བོད་ཡིག་ནི་སློབ་གྲྭར་འགྲོ་སྐབས་ངེས་པར་དུ་ཤེས་དགོས་པའི་སྐད་རིགས་ཤིག་ཡིན། འོན་ཀྱང་དབྱིན་ཡིག་དང་ལེགས་སྦྱར་ཡི་གེ་ནི་རིག་འཛིན་གྱིས་མཇུག་ཏུ་གདམ་ག་བྱས་པ་ཞིག་རེད། 

          གཞིས་རྩེ་ནས་ལྷ་སར་སླེབས་མ་ཐག་རིག་འཛིན་གྱིས་དབྱིན་སྐད་ཡག་པོ་སྦྱངས་ནས་ཕ་ཡུལ་དུ་ལོག་རྗེས་ཕྱི་རྒྱལ་བར་ནད་ལྟ་རུ་འགྲོ་རྩིས་བྱས། འོན་ཀྱང་དེས་ཕྱིས་སུ་ཁོང་གིས་སློབ་སྦྱོང་དང་ཞིབ་འཇུག་སྔར་ལས་ལྷག་པ་གནང་རྒྱུར་རྨང་གཞི་བཏིང་ཡོད།  ལོ་ན་གཞོན་ཤོས་ཀྱི་འབུམ་རམས་པ་ཞེས་པའི་མཚན་སྙན་འཁྱེར་ནས་སླར་ཡང་བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་དུ་ལོག་པ་དང་རིག་འཛིན་ལགས་ནི་རིག་སློབ་ཁྲུའུ་རུ་ལས་ཀ་བྱེད་འགོ་ཚུགས་ཡོད།  ན་གཞོན་ཡིན་སྟབས་ལས་ཀའི་ཉམས་མྱོང་ཞན་པའི་དབང་གིས་རིག་འཛིན་ལགས་ལ་གནོན་ཤུགས་མང་པོ་འཕྲད་ཡོད། འོན་ཀྱང་ཁོང་མི་སྒེར་གྱི་འཚར་ལོངས་ངོས་ནས་བརྗོད་ན་གོ་སྐབས་དེ་བས་མང་བ་ཞིག་ཐོབ་ཡོད་པ་སྟེ།  རྒྱལ་ཁབ་རིམ་པ་དང་རང་སྐྱོང་ལྗོངས་རིམ་པའི་ཚན་ཞིབ་རྣམ་གྲངས་ནང་ཞུགས་ཐུབ་པ་མ་ཟད་བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཤེས་བྱ་དྲིལ་བསྒྲགས་དང་ཁྱབ་གདལ་གྱི་ལས་དོན་མང་པོ་བསྒྲུབས་གནང་ཡོད། ཁོང་ནི་སྐད་བརྡ་རིག་པར་ཞིབ་འཇུག་གནང་རྒྱུར་མཉེས་པོ་ཡོད་པ་དང་སྐད་རིགས་བཞི་ཁོང་དུ་ཆུད་ཡོད་ལ། ཁོང་གིས་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་དུས་དེབ་ཐོག་རྩོམ་ཡིག་ཐེངས་མང་སྤེལ་མྱོང་ཡོད་པ་རེད།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1