༄༅།།ཚེ་གྲུབ་རྡོ་རྗེ།

པདྨ་ནོར་བུས་བྲིས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 01-21


ཁམས་སྡེ་དགེའི་སྨན་རམས་པ་ཚེ་གྲུབ་རྡོ་རྗེའི་ངོ་སྤྲོད།

པདྨ་ནོར་བུས་བྲིས།      

    

ཁམས་སྡེ་དགེའི་སྨན་རམས་པ་ཚེ་གྲུབ་རྡོ་རྗེའི་ངོ་སྤྲོད།

   སྨན་རམས་པ་ཚེ་གྲུབ་རྡོ་རྗེ་ལགས་ནི་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཡ་གྱལ་འབྲི་རྫ་ཟལ་མོ་སྒང་ཞེས། དེང་གི་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་སྡེ་དགེ་རྫོང་རྫོང་སར་བཀྲ་ཤིས་ལྷ་རྩེའི་ཉེ་འགྲམ་སྨན་ཤོད་རྒྱལ་གན་གྲོང་ཚོ་ཞེས་པའི་གནས་དེར། ཡབ་ཡེ་ཀླུ་རྒྱལ་མཚན་དང་། ཡུམ་དཔལ་ཚུགས་བཀྲ་ཤིས་མཚོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་དྲུག་པའི་ཆུ་སྦྲུལ་སྤྱི་ལོ1953ལོའི་བོད་ཟླ་དྲུག་པའི་ཚེས་བཅོ་ལྔ་ཉིན་སྐུ་འཁྲུངས་ཤིང་། དགུང་ལོ་ཆུང་དུས་ནས་ད་ལྟའི་བར་བོད་ལུགས་གསོ་བ་རིག་པ་གཙོ་བྱས་པའི་རིག་པའི་གནས་ཀུན་ལ་འབད་པ་ལྷོད་མེད་བྱས། ཁོང་ནི་རྒྱལ་ཁབ་རིམ་པའི་དངུལ་ཆུ་བཙོ་བཀྲུ་ཆེན་པོའི་རིགས་གཅིག་མཁས་དབང་དང་། སྔར་གཞུག་ཏུ་སྡེ་དགེ་རྫོང་བོད་སྨན་རྩིས་ཁང་གི་དབུ་འཛིན་གཞོན་པ། སྡེ་དགེ་རྫོང་གི་སྨན་པ་འབུམ་རམས་པ་གཞོན་པ། དཀར་མཛེས་ཁུལ་གྱི་སྐབས་དགུ་པའི་སྲིད་གྲོས་ཨུ་ཡོན། དཀར་མཛེས་ཁུལ་གྱི་བོད་སྨན་ཞིབ་འཇུག་པ་གཞོན་པ། དངུལ་ཆུ་བཙོ་བཀྲུ་ཆེན་མོའི་སྲོལ་རྒྱུན་འདུལ་སྦྱོང་གི་རྐང་འཛིན་སྨན་པ་ལྟ་བུ་ཞིག་ཏུ་ཆགས་ཡོད་པ་རེད།

     ཁམས་སྡེ་དགེའི་ས་གནས་ལ་ཆེ་བརྗོད་མང་པོ་བཤད་རྒྱུ་ཡོད། སྡེ་བཞི་དགེ་བཅུ་ཚང་བའི་ས་དང་། སྡེ་དགེ་ལྷུན་གྲུབ་སྟེང།  གནམ་སྡེ་དགེ་ས་སྡེ་དགེ་ཞེས་པ་ལྟ་བུ་དང་།  ཁམས་པའི་རིག་གནས་ཀྱི་ལྟེ་བ། གེ་སར་རྒྱ་པོ་འཁྲུངས་ཡུལ་སོགས་ས་གནས་གཞན་དང་མི་འདྲ་བའི་རིག་གནས་དང་། ངོ་མཚར་གྱི་གཏམ་རྒྱུད་མང་པོ་བཤད་རྒྱུ་ཡོད། དེ་བཞིན་ལོ་རྒྱུས་ཐོག་ཟུར་ལུགས་བོད་སྨན་དང་འབྲེལ་བའི་མཁས་པ་མང་པོ་ཞིག་བྱོན་མྱོང་བ་མ་ཚད། ཟུར་ལུགས་བོད་སྨན་དང་འབྲེལ་བ་དམ་ཟབ་ཡོད་པའི་མཁས་པ་མང་པོའི་གདན་ས་ལྟ་བུ་ཞིག་ཏུ་ཆགས་ཡོད་པ་རེད། ངག་རྒྱུན་ལ་ཡང་གདན་ས་ལྷུན་གྲུབ་སྟེང་ཞེས་འབོད་སྲོལ་ཡོད་པ་ཚང་མས་ཤེས་གསལ་ལྟར་རོ། 

     དཔལ་སྤུངས་སི་ཏུ་ཆོས་ཀྱི་འབྱུང་གནས་དང་། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། རྫོགས་ཆེན་སྐུ་ཞབས་དགེ་མང་རིན་པོ་ཆེ་སོགས་རིས་མེད་ཀྱི་མཁས་པ་མང་པོས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པའི་གདན་ས། འབྲི་རྫ་ཟལ་མོའི་སྒང་གི་ཆར་གཏོགས་ཁམས་ཀྱི་སྡེ་དགེ་ནི་རིག་གནས་སྤྱི་དང་ལྷག་པར་བོད་སྨན་གྱི་བསྟན་པ་དར་བའི་གནས་ཤིག་ཡིན་པ་བཤད་མ་དགོས་པ་རེད།  

    དམ་པ་ཁོང་ཉིད་ཀྱང་ཁོར་ཡུག་དེ་ནས་འཚར་ལོངས་བྱུང་ཞིང་། ལོ་མང་རིང་ཁོར་ཡུག་དེ་ཡི་རིག་གནས་ཀྱི་ཞག་རྩི་མངར་མོར་ལོངས་སུ་སྤྱོད་པའི་སྐལ་བ་ཐོབ། དེ་ནས་རིམ་བཞིན་དུས་རབས་ཉི་ཤུ་པའི་དུས་མཇུག་དང་། དུས་རབས་ཉེར་གཅིག་པའི་དུས་འགོའི་སོ་མཚམས་བར་དུ་ཁོང་ཉིད་ཀྱིས་ཀྱང་བོད་ལུགས་གསོ་བ་རིག་པའི་བསྟན་པ་དང་། ལྷག་པར་དུ་དངུལ་ཆུ་བཙོ་བཀྲུ་ཆེན་མོའི་ལག་ལེན་ལ་གསོན་ཤུགས་གསར་པ་ཞིག་སྣོན་བཞིན་ཡོད་པ་སྨོས་མ་དགོས་པ་རེད།

ཁམས་སྡེ་དགེའི་སྨན་རམས་པ་ཚེ་གྲུབ་རྡོ་རྗེའི་ངོ་སྤྲོད།
གསེར་དངུལ་ཟངས་ལྕགས་ཀྱིས་མགར་བའི་ཚ་ཐུར།

དང་པོ།  སྨན་རམས་པ་ཚེ་གྲུབ་རྡོ་རྗེ་ལགས་ཀྱིས་རིག་གནས་སྤྱི་དང་བྱེ་བྲག་བོད་ལུགས་གསོ་བ་རིག་པའི་སྐོར་ལ་སྦྱོང་བ་བྱས་ཚུལ།

    ཚེ་གྲུབ་རྡོ་རྗེ་དགུང་གྲངས་བརྒྱད་ལ་སོན་པ་ནས། ཁོང་གི་ཞང་པོ་རྫོང་སར་དགོན་གྱི་རྡོ་རྗེ་སློབ་དཔོན་སྐལ་བཟང་ཆོས་འཕེལ་དང་། འཇང་པ་སྤྲུལ་སྐུ་ཀརྨ་བཅས་མཁས་གྲུབ་དུ་མའི་ཞལ་སྔ་ནས་ཡི་གེ་འབྲི་ཀློག་གཙོ་བོ་བྱས་ཏེ་སུམ་རྟགས་དག་གསུམ་སོགས་རིག་གནས་སྤྱི་ལ་སྦྱོང་བ་མི་དམན་པ་བྱས། 

   ངོར་ཀླུ་ལྡིང་མཁན་ཆེན་འཇམ་དབྱངས་བསྟན་པའི་ཉི་མ་དང་། ཀླུ་ལྡིང་མཁན་པོ་འཇམ་དབྱངས་ཆོས་ཀྱི་རྒྱལ་མཚན། ཐར་རྩེ་མཁན་པོ་ངག་དབང་བསོད་ནམས་མཆོག་ལྡན། མཁྱེན་སྤྲུལ་འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོ། དཔེ་ཝར་མཆོག་སྤྲུལ་འཇམ་དབྱངས་བསོད་ནམས་དབང་པོ། ཁམས་བྱེའི་མཁན་ཆེན་པདྨ་དམ་ཆོས། མཁན་ཆེན་པདྨ་ཚེ་དབང་། སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་བཅས་གསར་རྙིང་རིས་སུ་མ་ཆད་པའི་མཁས་གྲུབ་དུ་མའི་མདུན་ནས་དབང་ལུང་ཁྲིད་གསུམ་དང་། མན་ངག་དམ་ཆོས་ཟབ་མོའི་བདུད་རྩིའི་ཐིགས་པ་མང་དུ་རོལ། 

     གཞན་ཡང་རྫོང་སར་ལྔ་རིག་ཐུབ་བསྟན་གླིང་དུ་སྤྱོད་འཇུག་དང་། མངོན་པ་མཛོད། རྒྱལ་སྲས་ལག་ལེན། སོར་མདོ། བཤེས་སྤྲིངས། ཀུན་བཟང་བླ་མའི་ཞལ་ལུང་སོགས་དང་། འཕགས་ཡུལ་ལྷོ་ཕྱོགས་སྔ་འགྱུར་རྙིང་མའི་མཐོ་སློབ་གླིང་དུ་སེམས་ཉིད་ངལ་གསོ། རང་གྲོལ་སྐོར་གསུམ། སྲོག་སྡོམ་གཟེར་བཞི། བཀའ་བརྒྱད་རྣམ་བཤད། དབུ་མ་རྒྱན། བོད་སྤྲུལ་ལྟ་སྒྲུབ་ཤན་འབྱེད། བྱང་གཏེར་རིག་འཛིན་རྒོད་ལྡེམས་ཅན་གྱི་གཏེར་ཆོས་དང་དབང་ལུང་ཆ་ཚང་གསན་བཞེས་མཛད།ངོར་ལུགས་དཀྱིལ་འཁོར་བདུན་གྱི་དབང་། གདམས་ངག་མཛོད་། མཁྱེན་བརྩེའི་བཀའ་འབུམ་ཚར་གཅིག སྒྲུབ་ཐབས་ཀུན་འདུས། རིན་ཆེན་གཏེར་མཛོད་ལས་དབང་སྣ་བརྒྱ་ལྷག བྱང་ཆུབ་སེམས་སྡོམ་སོགས་གསང་སྔགས་གསར་རྙིང་དང་ས་དགེ་བཀའ་རྙིང་སོགས་ཀྱི་དམ་པའི་ཆོས་སྐོར་མང་དུ་གསན། 

    ཁྱབ་བདག་སྨན་པའི་རྒྱལ་པོ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ནས་ཀུན་མཁྱེན་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ་དང་། སྡེ་དགེའི་བླ་སྨན་གནས་ར་ཀུན་དགའ་སེང་གེའི་བར་དུ་གཞུང་ལུགས་དང་ལག་ལེན་གཉིས་ཀའི་སྙིང་བཅུད་ཀྱི་དྭངས་མ་བཞེས་ཡོད། 

    གནས་ར་ཀུན་དགའི་དངོས་སློབ་མཁྱེན་བརྩེའི་བླ་སྨན་ཆེན་པོ་ཚེ་རིང་ཕུན་ཚོགས་ལགས་ཀྱི་ཞལ་སྔ་ནས་གསོ་རིག་རྒྱུད་བཞི་དང་། འགྲེལ་པ་བཻ་སྔོན། ཤེལ་གོང་ཤེལ་ཕྲེང་། ཀོང་སྤྲུལ་ཟིན་ཏིག་མ་བུ། འཆི་མེད་ནོར་ཕྲེང་། མན་ངག་བཀའ་རྒྱ་མ། མེས་པོའི་ཞལ་ལུང་། མན་ངག་ལྷན་ཐབས། མཁྱེན་བརྩེའི་སྨན་སྐོར་དང་སྨན་གྱི་ངོ་སྤྲོད།   སྨན་གྱི་བསྡུ་སྦྱོར་དང་འདུལ་སྦྱོང་སྐོར་གྱི་མན་ངག་གཅིག་ཆོག་སོགས་མདོར་ན་ནད་སྨན་སྤྲོད་ལུགས་དང་། ནད་རྟགས་ངོས་འཛིན་སོགས་ལ་ཐོས་བསམ་རྒྱ་ཆེར་མཛད་པ་མ་ཚད། ལྔ་རིག་པཎྜི་ཏ་ཁྲོ་རུ་མཁན་ཆེན་ཚེ་རྣམ་རིན་པོ་ཆེའི་མདུན་ནས་གསོ་རིག་རྒྱུད་བཞིའི་ལུང་རྒྱུན་དང་། རྩ་རྒྱུད་དང་། བཤད་རྒྱུད་ཀྱི་ཁྲིད་རྒྱུན།  དངུལ་ཆུ་བཙོ་བཀྲུ་ཆེན་མོ་དང་།  ལྕགས་ཁམས་ཐལ་བསྲེགས། རིན་ཆེན་རིགས་ཀྱི་འདུལ་སྦྱོང་སོགས་ཆ་ཚང་སྦྱོང་བ་བྱས།

ཁམས་སྡེ་དགེའི་སྨན་རམས་པ་ཚེ་གྲུབ་རྡོ་རྗེའི་ངོ་སྤྲོད།
རྩུབ་དཔྱད་ལ་མཁོ་བའི་གཙག་བུ་རིགས་མི་འདྲ་བ་ཁ་ཤས།

གཉིས་པ།  སྨན་རམས་པ་ཚེ་གྲུབ་རྡོ་རྗེ་ལགས་དང་དངུལ་ཆུ་བཙོ་བཀྲུའི་ལག་ལེན།

   ཚེ་གྲུབ་རྡོ་རྗེ་ལགས་ཀྱིས་སྔ་རྗེས་སུ་དངུལ་ཆུ་བཙོ་བཀྲུ་ལག་ལེན་ཐེངས་བཅུ་ཙམ་བྱས་ཡོད་པ་མ་ཚད།  ལག་ལེན་བྱེད་པའི་ཞོར་དུ་རྒྱུད་འཛིན་སྨན་པ་མི་ཉུང་བ་ཞིག་གསོ་སྐྱོང་བྱས་ཡོད་པ་རེད། ཁོང་གིས་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་བྱས་ནས་བོད་ལུགས་གསོ་བ་རིག་པའི་བསྟན་པ་ལ་ཞབས་ཞུ་མི་དམན་པ་བསྒྲུབས་ཡོད་པ་ནི།  གཞུང་ལུགས་ནང་འཁོད་ཡོད་ཀྱང་ལག་ལེན་གྱི་སྟོང་ཆ་ལུས་ཡོད་པའི་ཐུར་མའི་ལག་ལེན་དང་། དངུལ་ཆུ་བཙོ་བཀྲུ། རིན་ཆེན་རིགས་ཀྱི་འདུལ་སྦྱོང་སོགས་རིག་གཞུང་དང་ལག་ལེན་དངོས་ཀྱི་ཐོག་ནས་ཅུང་དཀའ་ཁག་ཆེ་བའི་དཀའ་གནད་སྐོར་ལ་གནད་ཕིགས་ཀྱིས་རིག་གཞུང་ཁ་གསབ། ཉམས་མྱོང་གསོག་འཇོག་བྱས་ནས་བོད་སྨན་ཐད་ནས་ཞིབ་འཇུག་དང་རྒྱུད་འཛིན་བྱེད་ཚད་མཐོ་རུ་བཏང་ཡོད་པ་རེད།

    དུས་རབས་ཉེར་གཅིག་པ་ནི་འཛམ་གླིང་གི་ལྟ་གྲུབ་དང་ལག་ལེན་གཞི་གཅིག་ཏུ་འདྲེས་པའི་ཆ་འཕྲིན་གྱི་དུས་རབས་ཤིག་ཡིན་སྟབས། སྲོལ་རྒྱུན་གསོ་བ་རིག་པའི་གཞུང་ལུགས་དང་ལག་ལེན་གང་ལ་ཡང་དུས་རབས་ཀྱི་ཤུགས་རྐྱེན་འོག་ནས་དཀའ་ཁག་གང་མང་ཞིག་ཕྲད་དང་འཕྲད་བཞིན་ཡོད་པ་རྒྱུན་ལྡན་ཞིག་ཡིན། ཁོང་གིས་སྲོལ་རྒྱུན་གྱི་ལག་ལེན་དང་གཞུང་ལུགས་ཀྱི་ལྟ་བ་དམིགས་སུ་བཟུང་ནས། སྲོལ་རྒྱུན་གྱི་ལག་ལེན་འདི་ཉམས་དམས་སུ་མི་འགྲོ་བའི་ཐབས་ལམ་སྣ་ཚོགས་ཐོག་ནས་འབད་པ་བྱེད་ཀྱིན་ཡོད་སྟབས། ཁོང་ནི་རྒྱལ་ཁབ་རིམ་པའི་དངུལ་ཆུ་བཙོ་བཀྲུ་ཆེན་པོའི་རིགས་གཅིག་མཁས་དབང་དང་། དངུལ་ཆུ་བཙོ་བཀྲུ་ཆེན་མོའི་སྲོལ་རྒྱུན་འདུལ་སྦྱོང་གི་རྐང་འཛིན་སྨན་པ་ལྟ་བུ་ཞིག་ཏུ་ཆགས་ཡོད་པ་རེད།  

ཁམས་སྡེ་དགེའི་སྨན་རམས་པ་ཚེ་གྲུབ་རྡོ་རྗེའི་ངོ་སྤྲོད།
མེ་གདན་དང་ཚུག་ལྕགས།

དངུལ་ཆུ་བཙོ་བཀྲུ་ཐེངས་བཅུ་བྱས་པའི་ལག་ལེན་དངོས་ཀྱི་ཟིན་བྲིས་ཉུང་བསྡུས། 

  ཐེངས་དང་པོ།   སྤྱི་ལོ1980ལོའི་ཟླ་བ5པའི་ཚེས16ཉིན་སྡེ་དགེ་རྫོང་བོད་སྨན་ཁང་གིས་མཁན་ཆེན་ཁྲོ་རུ་ཚེ་རྣམ་རིན་པོ་ཆེ་ཆེད་དུ་གདན་དྲངས་ནས་ཁྲོ་མཎྜལ་དགོན་དུ་དངུལ་ཆུ་བཙོ་བཀྲུ་ཆེན་མོ་ཐེངས་དང་པོ་སྦྱར་བཟོ་བྱེད་སྐབས། འབྲི་ཆུ་ཤར་ནུབ་ཀྱི་སྨན་པ་སོ་གཅིག་ཙམ་ཞུགས་པའི་ནང་ནས།  མཁན་རིན་པོ་ཆེས་སྨན་པ་ཚེ་གྲུབ་རྡོ་རྗེ་ལགས་ལ་གསུང་རྒྱུར།  ཁྱེད་རང་བོད་སྨན་སྦྱར་བཟོ་བྱེད་རྒྱུར་དགའ་པོ་འདུག་པས་རྗེས་མར་སྡེ་དགེ་རྫོང་བོད་སྨན་ཁང་དུ་སྨན་སྦྱོར་དཀྱུས་མ་ཡན་ཆད་ལག་ལེན་ཚུལ་བཞིན་དུ་བསྟར་དགོས་གསུངས་ནས།  སྨན་སྦྱོར་ལག་ལེན་བྱེད་རྒྱུར་བཀའ་གནང་ཞིང་ཐུན་མོང་མ་ཡིན་པའི་སློབ་བུའི་གྲས་སུ་བཞག 

  ཐེངས་གཉིས་པ།  མཁན་རིན་པོ་ཆེས་གསུངས་པ་བཞིན་དུ་དངུལ་ཆུ་བཙོ་བཀྲུ་ཆེན་མོ་ཁྲོ་མཎྜལ་དགོན་དུ་སྦྱར་བཟོ་བྱེད་སྐབས།  ཚེ་གྲུབ་རྡོ་རྗེ་དང་། སྤྲུལ་སྐུ་དབང་རྒྱལ་རྡོ་རྗེ། བློ་གྲོས་ཕུན་ཚོགས་གསུམ་གྱིས་འགན་ཁུར་ནས།  སྤྱི་ལོ1984ཟླ་བ7པའི་ཚེས6ཉིན་ལས་གཞི་དངོས་སུ་འགོ་བརྩམས་པ་དང་། ཟིན་བྲིས་ཟླ་བའི་འོད་ཟེར་གཞི་བཞག་ཐོག་སྨན་པ་དང་ལས་གྲྭ་མི་གྲངས་ཉི་ཤུ་རྩ་ལྔས་གཡའ་ཕྱི་དུག་འདོན་གྱི་ལས་སྣོན་ཚུལ་བཞིན་བྱས་ཏེ་བཅུད་རྒྱལ་སྨན་གྱི་རྒྱལ་པོ་རྒྱལ་ཁའི་ངང་ལེགས་གྲུབ་བྱུང་། 

   ཐེངས་གསུམ་པ། སྤྱི་ལོ1985ལོའི་ཟླ་བ7པའི་ཚེས19ཉིན་དཀར་མཛེས་ཁུལ་བོད་སྨན་ཁང་གིས་མི་ཉག་མགར་ཐར་ནས་སྦྱར་བཟོ་བྱེད་སྐབས།  ཐོག་མཐའ་བར་གསུམ་དུ་འདུལ་སྦྱོང་གི་འགན་ཡོངས་རྫོགས་རང་ཉིད་ཀྱིས་བླངས་ཤིང་མཁན་རིན་པོ་ཆེས་ཁྲོ་མཎྜལ་དགོན་དུ་ཕྱག་ལེན་ཇི་ལྟར་གནང་བ་བཞིན་དུ་ལག་ལེན་བྱས།  སྐབས་དེར་དཀར་མཛེས་ཁུལ་བོད་སྨན་ཁང་དང་། འཕྲོད་བསྟེན་སློབ་གྲྭ་སོགས་རྫོང་ཁག་བཅོ་བརྒྱད་ནས་ཡོང་བའི་སྨན་པ་དང་སློབ་མ་བཅས་ལས་གྲྭ་མི་གྲངས་ཉི་ཤུ་ལྷག་ཡོད།

    ཐེངས་བཞི་པ། སྤྱི་ལོ་1996ལོའི་ཟླ7པའི་ཚེས18ཉིན་སྡེ་དགེ་བོད་སྨན་ཁང་གིས་ཐེངས་གཉིས་པའི་དངུལ་ཆུ་བཙོ་བཀྲུ་ཆེན་མོ་སྦྱར་བཟོ་བྱེད་སྐབས། འདུལ་སྦྱོང་དང་ལག་ལེན་གྱི་འགན་ཡོངས་རྫོགས་ཁོང་ཉིད་ཀྱིས་ཁུར་ནས། ཨ་དཀོན་རིན་པོ་ཆེས་གསོ་སྐྱོང་བྱས་པའི་གསོ་རིག་སློབ་གྲྭའི་སློབ་མ་རྣམས་དང་། རྫོང་བོད་སྨན་ཁང་གི་སྨན་པ་བཅས་ལས་གྲྭ་མི་སུམ་ཅུ་ལྷག་ཡོད། 

    ཐེངས་ལྔ་པ། 2002ལོའི་ཟླ་བ12པའི་ཚེས16ཉིན་དམུ་ལི་བོད་རིགས་རང་སྐྱོང་རྫོང་བོད་སྨན་ཁང་གིས་དངུལ་ཆུ་བཙོ་བཀྲུ་ཆེན་མོ་ཐེངས་དང་པོ་བཟོས་ཤིང་། སྐབས་དེར་ལག་ལེན་གྱི་འགན་ཡོངས་རྫོགས་ཁོང་ཉིད་ཀྱིས་བླངས་ནས་སྨན་པ་དང་ལས་གྲྭ་མི་གྲངས་ཉི་ཤུ་ལྷག་ལ་ལག་ལེན་དམར་ཁྲིད་བྱས། 

   ཐེངས་དྲུག་པ། 2005ལོའི་ཟླ་བ7པའི་ཚེས12ཉིན་ཁམས་རྫོང་སར་བཀྲ་ཤིས་ལྷ་རྩེའི་ཉེ་ཞོལ་དུ་སྐུ་ཉིད་ཀྱིས་ཐོག་མཐའ་བར་གསུམ་དུ་གཙོ་འགན་དང་སྦྱིན་བདག་གཉིས་ཀའི་འགན་གཅིག་ལྕོགས་ཁུར་ནས་སྨན་པ་དང་ལས་གྲྭ་མི་གྲངས་ཉི་ཤུ་ལྷག་གིས་བདུད་རྩི་བཅུད་ཀྱི་རྒྱལ་པོ་ལེགས་འགྲུབ་བྱུང་།

   ཐེངས་བདུན་པ། སྤྱི་ལོ2012ལོའི་ཟླ་བ7པའི་ཚེས26ཉིན་ཁམས་སྡེ་དགེ་རྫོགས་ཆེན་དུ་དངུལ་ཆུ་བཙོ་བཀྲུ་ཆེན་མོ་ཐེངས་དང་པོར་སྦྱར་བཟོ་བྱས་ཤིང་། སྐབས་དེར་སློབ་གྲྭའི་སློབ་མ་དང་ལས་བཟོ་སོགས་མི་གྲངས་སུམ་ཅུ་ལྷག་ཡོད། 

   ཐེངས་བརྒྱད་པ།  སྤྱི་ལོ2014ལོའི་ཟླ་བ7པའི་ཚེས14ཉིན་རྫ་སྟོད་རྫོང་བོད་སྨན་རྩིས་ཁང་གིས་དངུལ་ཆུ་བཙོ་བཀྲུ་ཆེན་མོ་ཐེངས་དང་པོར་བཟོས། རྫོང་བོད་སྨན་ཁང་གི་སྨན་པ་རྣམས་དང་སྔོན་གྱི་སློབ་མ་ཁ་ཤས་བཅས་སྨན་པ་དང་ལས་བཟོ་བ་དྲུག་ཅུ་ཙམ་ཡོད། 

    ཐེངས་དགུ་པ། སྤྱི་ལོ2017ལོར་བོད་ཟླ6པའི་ཚེས4ལ་བདེན་བཞི་ཆོས་འཁོར་བསྐོར་བའི་དུས་བཟང་དང་བསྟུན་ནས་སྟོང་ནག་བསྟན་འཛིན་རབ་རྒྱས་ཀྱི་གདན་ས་ནང་ཆེན་བླ་ཆེན་དགོན་དུ་སྨན་པ་ལྷ་མོ་སྐྱབས་དང་བུ་འཇིགས་ཡག་གཉིས་ཀྱིས་སྦྱིན་བདག་བྱས་ཤིང་སྐུ་ཉིད་ཀྱིས་འགན་ཡོངས་རྫོགས་བླངས་ནས་བཅུད་རྒྱལ་ཆེན་མོ་ལེགས་གྲུབ་བྱུང་།   ཞོར་དུ་བཙན་དུག་སྨན་མར་དང་རེག་དུག་བསྲེག་སྨན། ཙན་དན་མར་ཁུ། ཅོང་ཞི་འཕྲུལ་ཐལ་བཅས་ཀྱི་ལག་ལེན་ལ་སྦྱོང་བ་བྱས། སྐབས་དེར་སྨན་པ་ཀར་རབ་སོགས་ལས་གྲྭ་སུམ་ཅུ་ལྷག་ཡོད།

    ཐེངས་བཅུ་པ། སྤྱི་ལོ2019ལོའི་བོད་ཟླ7པའི་ཚེས29ཉིན་གཟའ་སྐར་འཕྲོད་སྦྱོར་ཕུན་སུམ་ཚོགས་པའི་ཉིན་ཡུལ་ཤུལ་ཁུལ་ཀུན་བདེ་བོད་སྨན་ཁང་གིས་རྟ་རྒྱུག་ཐང་དུ་དངུལ་ཆུ་བཙོ་བཀྲུ་ཆེན་མོ་ཐེངས་དང་པོར་བཟོས་ཤིང་སྐུ་ཉིད་ཀྱིས་གཙོ་འགན་བཞེས། ལྕགས་རིའི་སྨན་པ་བཀྲ་ཤིས་ཆོས་འཕེལ་སོགས་སྨན་པ་དང་ལས་གྲྭ་སུམ་ཅུ་ལྷག་ཡོད་ལ་ཞོར་དུ་ཁོང་གིས་ཛ་དངུལ་སྦྱོར་བ་དང་། རེག་དུག་བསྲེག་སྨན་སོགས་ཀྱི་ལག་ལེན་དམར་ཁྲིད་གནང་། 

མདོར་ན་དམ་པ་ཁོང་གིས་མཁན་ཆེན་ཁྲོ་རུ་ཚེ་རྣམ་གྱི་ཕྱག་ལེན་ཇི་བཞིན་བསྟར་བ་ལས་གཞན་འཕྲུལ་ཆས་སོགས་ཀྱིས་བཟོ་བཅོས་མ་བྱས་པར་མཁྱེན་ཀོང་གཉིས་ནས་བརྒྱུད་ཅིང་མཁན་ཆེན་ཁྲོ་རུ་ཚེ་རྣམ་མཆོག་གི་ཟིན་བྲིས་ཟླ་བའི་འོད་ཟེར་གཞིར་བཞག་ཐོག་བཅུད་རྒྱལ་ཆེན་མོའི་ཕྱག་ལེན་གནང་མཁན་ནི་དེང་དུས་དམ་པ་ཁོང་ཉིད་ཙམ་ཡིན། 

    གཞན་ཡང་ཁོང་གིས་རིན་ཆེན་གྲང་སྦྱོར་ཆེན་མོ་ཐེངས་ལྔ་དང་། རཏྣ་བསམ་འཕེལ་ཐེངས་བཅུ་གཅིག རིན་ཆེན་མང་སྦྱོར་ཐེངས་བཅུ་གསུམ། བྱུར་དམར་ཉེར་ལྔ། མུ་ཏིག་ཉེར་ལྔ། གཡུ་རྙིང་ཉེར་ལྔ། ཁྲག་སྦྱོར་ཉེར་ལྔ། བཙོ་བཀྲུ་ཟླ་ཤེལ། དངུལ་ཆུ་རིན་ཆེན་བཅོ་བརྒྱད་སོགས་རིན་ཆེན་རིགས་ཀྱི་སྦྱོར་སྡེབ་ཐེངས་གྲངས་གཅིག་བརྒྱ་བཞི་བཅུ་ལྷག་དང་། སྨན་སྦྱོར་དཀྱུས་མའི་གྲས་ཀྱི་སྨན་སྣ་འདྲ་མིན་ཆིག་བརྒྱ་ལས་བརྒལ་བ་རྒྱ་མ་ཁྲི་ཕྲག་ལྔ་བཅུ་ཡར་མར་ཙམ་སྦྱར་བཟོ་མཛད་ཡོད།

གསུམ་པ། སྨན་རམས་ཚེ་གྲུབ་རྡོ་རྗེ་ལགས་ཀྱི་མི་ཚེ་དང་བོད་སྨན་ཕྱག་ལས་བར་གྱི་གཏམ་རྒྱུད།

     དགུང་གྲངས་བཅོ་ལྔ་བཞེས་པ་མེ་ལུག1967ལོ་ནས་གྲོང་སྡེའི་རྐང་རྗེན་སྨན་པ་ལོ་བརྒྱད་དང་། ཤིང་ཡོས་1975ལོ་ནས་སྨན་ཤོད་ཕུ་མ་ཡུལ་ཚོའི་སྨན་ཁང་དང་སྨན་ཤོད་ཁམས་བྱེའི་སྨན་ཁང་གཉིས་སུ་སྨན་པའི་ཕྱག་ལས་ལོ་ལྔ་བསྒྲུབས། ལྕགས་སྤྲེལ་1980ལོ་ནས་སྡེ་དགེ་བོད་སྨན་རྩིས་ཁང་དུ་སྨན་པའི་ཕྱག་ལས་ལོ་ཉེར་གཅིག་དང་།སྔ་རྗེས་སུ་སྡེ་དགེ་རྫོང་བོད་སྨན་རྩིས་ཁང་གི་དབུ་འཛིན་གཞོན་པ། སྡེ་དགེ་རྫོང་གི་སྨན་པ་འབུམ་རམས་པ་གཞོན་པ། དཀར་མཛེས་ཁུལ་གྱི་སྐབས་དགུ་པའི་སྲིད་གྲོས་ཨུ་ཡོན། དཀར་མཛེས་ཁུལ་གྱི་བོད་སྨན་ཞིབ་འཇུག་པ་གཞོན་པ་བཅས་ཀྱི་ཐུགས་འགན་བཞེས། 

     འཛམ་གླིང་ཀྲུང་མཐུན་བོད་གསོ་ཆེད་ལས་ཚོགས་འདུ་ནང་ཐེངས་གསུམ་ལ་ཞུགས་ནས་བོད་ཀྱི་གསོ་རིག་སྤྱི་དང་ཁྱད་པར་དུ་དངུལ་ཆུ་བཙོ་བཀྲུ་ཆེན་མོའི་ཕྱག་ལེན་རྒྱུན་སྐྱོང་དང་དར་སྤེལ་གཏོང་ཚུལ་སྐོར་བགྲོ་གླེང་རབ་དང་རིམ་པ་བྱས་ཡོད།  སྤྱི་ལོ་2020ཟླ་བ་9པའི་ཚེས་24ཉིན་རྒྱབ་ཁབ་ཀྱི་བོད་སྨན་སྨན་གསར་སྔོག་སྤེལ་གཙོ་གནད་བརྟག་དཔྱད་ཁང་གིས་རྒྱབ་ཁབ་རིམ་པའི་དངུལ་ཆུ་བཙོ་བཀྲུ་ཆེན་མོའི་རིགས་གཅིག་མཁས་དབང་གྲས་སུ་བཞག 

   དགུང་གྲངས་ཞེ་དགུ་ལོན་པ་ལྕགས་སྦྲུལ་2001ལོར་ལས་འཁྱུར་ངལ་གསོ་བྱས་ནས་ཁོང་སྒེར་གྱིས་གཡུ་ཐོག་བོད་སྨན་ཁང་ཞེས་པའི་སྨན་ཁང་བཙུགས་ཏེ་སྨན་པའི་ཕྱག་ལས་གནང་དང་གནང་བཞིན་མཆིས། 

    དམ་པ་ཁོང་གིས་འཕགས་ཡུལ་ལྷོ་ཕྱོགས་རྣམ་གྲོལ་གླིང་དང་། འཇང་ཡུལ། རྒྱ་གར། འབྲུག་རྒྱལ་ཁབ། བལ་ཡུལ། སི་ཁྲོན།  མཚོ་སྔོན། ལྷ་ས་སོགས་ཕྱི་ནང་གི་སློབ་མ་བརྒྱ་ཕྲག་ཁ་ཤས་ལ་དངུལ་ཆུ་བཙོ་བཀྲུ་ལག་ལེན་གཙོ་བོ་བྱས་པའི་བོད་ལུགས་གསོ་བ་རིག་པ་ཁྲིད་མྱོང་།

    སྨན་པའི་ཕྱག་ལས་གནང་ནས་ད་བར་ཉུང་མཐར་ནད་པ་ཁྲི་ཚོ་སུམ་ཅུ་ལས་བརྒལ་བར་སྨན་བཅོས་མཛད། རྒྱ་གར་རྣམ་གྲོལ་གླིང་དུ་བཞུགས་དུས་བོད་དང་རྒྱ་གར། བལ་པོ། ཨ་རི། སིངྒ་པོ། ཐའེ་ཝན། ཤང་ཀང་སོགས་ནས་ཕེབས་པའི་ནད་པ་ཉིས་སྟོང་ལྷག་ལ་སྨན་བཅོས་གནད་སྨིན་མཛད་། ནད་པ་དེ་དག་གི་ཁྲོད་དུ་ལོ་ངོ་བཅུ་ཕྲག་དུ་མ་ལ་ནད་ཀྱིས་ཟིན་ཏེ་ནུབ་ལུགས་སྨན་ཁང་གྲགས་ཅན་མང་པོས་འཆི་ཐག་བཅད་པའི་ནད་པ་ཁ་ཤས་ལ་གསོ་བཅོས་ཀྱི་ཕན་ནུས་མངོན་གསལ་ཐོན་པ་བྱུང་བས་བསྔགས་བརྗོད་ཀྱི་མེ་ཏོག་གྲངས་མེད་གཏོར། 

     དཔལ་ཡུལ་པདྨ་ནོར་བུའི་བཀའ་བཞིན་འཕགས་ཡུལ་ལྷོ་ཕྱོགས་རྣམ་གྲོལ་གླིང་དུ་བཤད་གྲྭའི་མཁན་སྤྲུལ་བླ་གྲྭ་ཉི་ཤུ་ལྷག་ལ་གསོ་རིག་རྒྱུད་བཞི་ཞིབ་ཁྲིད་ཚར་གཉིས་དང་། ཨ་དཀོན་སྤྲུལ་སྐུའི་རོགས་སྐྱོར་འོག་སྡེ་དགེ་བོད་སྨན་ཁང་གི་གསོ་རིག་འཛིན་གྲྭར་རྩ་རྒྱུད་དང་ཕྱི་མ་རྒྱུད། གཏར་བསྲེག་ལག་ལེན་དམར་ཁྲིད། དག་ཡིག  རྒྱལ་སྲས་ལག་ལེན་སོགས་ལོ་ཤས་རིང་སློབ་ཁྲིད་གནང་།  གཞན་ཡང་ནང་ཆེན་ཙོང་མདའ་དགོན་དང་། ཀཿཐོག་དགོན། འཇོ་མདའ་རྫོང་དམར་དགོན། ཡིད་ལྷུང་ལྷ་གཡག་གཉིས་སོགས་ཀྱི་མཁན་སྤྲུལ་འགའ་ལ་རྩ་རྒྱུད་དང་ཕྱི་རྒྱུད། ནད་སྨན་སྤྲོད་ཐབས་སོགས་ལག་ལེན་དམར་ཁྲིད་མཛད། སྤྱི་ལོ༢༠༡༦ལོར་བོད་ལྗོངས་སྨན་རྩིས་ཁང་དང་བོད་ལྗོངས་གསོ་རིག་སློབ་གྲྭ་ཆེན་མོ། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ་སོགས་ལ་སྨན་སྦྱོར་ཕྱག་ལེན་དང་ནད་བཅོས་ཉམས་མྱོང་སྐོར་གྱི་སློབ་ཁྲིད་བྱས། སྤྱི་ལོ༢༠༡༨ལོར་ཡུལ་ཤུལ་ཁུལ་ཀུན་བདེ་བོད་སྨན་ཁང་དང་། དཀར་མཛེས་ཁུལ་རྫོང་ཁག་བཅོ་བརྒྱད་ཀྱི་གཞི་རིམ་སྨན་པའི་ཟབ་སྦྱོང་འཛིན་གྲྭ་དང་།    གསེར་རྟ་རྫོང་བོད་སྨན་ཁང་བཅས་སུ་དཔྱད་མཆོག་ཐུར་མའི་ལག་ལེན་དང་རླུང་སྦྱོར་སོགས་ཀྱི་སློབ་ཁྲིད་དང་ལག་ལེན་དམར་ཁྲིད་བྱས།  སྤྱི་ལོ༢༠༡༦ལོའི་བོད་ཟླ༧པའི་ཚེས༨ནས་སྡེ་དགེ་དགོན་ཆེན་རྡོ་རྗེ་ཚེ་འཕེལ་ལ་རྒྱུད་བཞི་ཆ་ཚང་དང་དེའི་འགྲེལ་པ་དྲང་སྲོང་ཞལ་ལུང་། ཀོང་སྤྲུལ་ཟིན་ཏིག་བཅས་ལོ་གསུམ་གྱི་རིང་ལ་གཏར་བསྲེག་ཐུར་མ་སྨན་སྦྱོར་སོགས་ཀྱི་ལག་ལེན་དམར་ཁྲིད་བྱས།  

     དམ་པ་ཁོང་གིས་ལོ་ངོ་མང་པོར་བོད་སྨན་ལག་ལེན་བྱེད་པའི་བརྒྱུད་རིམ་ཁྲོད་དུ་གཙོ་གནད་ཀྱི་སྡོམ་ཚིག་གཉིས་ཡོད་པ་ནི།  བཙོ་ཐལ་དང་ཐུར་མའི་ལག་ལེན་གྱི་སྐོར་ཡིན། 

    ༡༽ ཁོང་གིས་དེ་སྔོན་དངུལ་ཆུ་བཙོ་བཀྲུ་ཐེངས་བཅུ་ཙམ་བྱས་ཀྱང་། བཙོ་བཀྲུའི་ལག་ལེན་སྐབས་ཁྲོ་རུ་མཁན་རིན་པོ་ཆེ་ཚེ་རྣམ་མཆོག་ཉིད་ཀྱིས་དངུལ་ཆུ་བཙོ་བཀྲུ་ཐེངས་གཉིས་པ་ཁྲོ་མནྜ་དགོན་དུ་མཛད་སྐབས་ཀྱི་ཟིན་བྲིས་བཀོད་པའི《ཟིན་བྲིས་ཟླ་བའི་འོད་ཟེར》མཐོང་བ་རྒྱུད་པའི་ཕྱག་ལེན་ཇི་ལྟ་བ་བཞིན་མཛད་པ་ལས་བཟོ་བཅོས་དང་སྣོན་འཕྲི་ཚིག་གཅིག་ཀྱང་བྱས་མྱོང་མེད་ཅེས་པ་དང་།  བཙོ་བཀྲུའི་ལག་ལེན་ནི་དངུལ་ཆུ་ལྕི་འབིག་གི་དུག་དང་ཕྲལ་ཏེ་བཅུད་དུ་འགུག་པའི་ཐབས་ཤེས་ཤིག་ཡིན་སྟབས།  གདེང་ཚོད་མེད་པའི་དེང་དུས་ཀྱི་ལག་ལེན་གསར་བའི་རིགས་འདི་དག་ཡང་དག་ཡིན་པའི་ཁ་ཚོད་གཅོད་དཀའ་བས་བོད་སྨན་ཞིབ་འཇུག་པ་དེ་དག་གིས་ཀྱང་ཚོད་ལྟ་དང་དཔྱད་བརྗོད་བྱེད་པ་གལ་ཆེ།  ན་ནིང་སྤྱི་ལོ2020ལོའི་ཟླ9ཚེས25ཉིན་རྒྱལ་ཁབ་ཀྱི་བོད་སྨན་སྔོན་སྤེལ་གཙོ་གནད་བརྟག་དཔྱད་ཁང་གིས 《དངུལ་ཆུ་བཙོ་བཀྲུ་ཆེན་མོའི་བཟོ་རྩལ་ཚད་གཞི》  ཞེས་པའི་ཁ་བྱང་བཀོད་དེ་བཙོ་ཐལ་གྱི་ལག་ལེན་དང་སྤུས་ཀ་ཚད་ལྡན་དུ་ཡོང་ཆེད་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་དང་། མཁན་ཆེན་ཁྲོ་རུ་ཚེ་རྣམ་གཉིས་ཀྱི་དངུལ་ཆུ་བཙོ་བཀྲུ་ཆེན་མོའི་ལག་ལེན་དང་།  ཟིན་བྲིས་ཚད་གཞིར་འཛིན་ཏེ་གཡའ་ཕྱི་དུག་འདོན་སོགས་བཟོ་རྩལ་བརྒྱུད་རིམ་གྱི་རེའུ་མིག་ཅིག་ལས་ཡོད་པ་དེ་ནི། གཞུང་ལུགས་དང་ལག་ལེན་གཉིས་ཀྱི་ཐོག་ནས་ཚད་དང་མཐུན་པ་ཞིག་རེད་འདུག་པ་དང་།  མ་འོངས་པར་རྒྱལ་ཁབ་འཕྲོད་བསྟེན་སྡེ་ཁག་གིས་ཀྱང་རྟགས་དཔྱད་ཚད་ལེན་ཞིག་ཏུ་འགྲོ་རྒྱུའི་རེ་བ་ཡོད་པ་ཞིག་མིན་ནམ་སྙམ། ཁོང་གིས་རྒྱུན་དུ་ནན་ཏན་གྱིས་དེང་དུས搅拌机དང球磨机སོགས་བེད་སྤྱོད་བྱེད་པའི་ལག་ལེན་འདི་ནི། ཚད་ལྡན་ཚུལ་མཐུན་ཞིག་ཏུ་འགྲོ་མིན་མི་ཤེས་པས། ཕྱི་རབས་པ་ཚོས་ནན་ཏན་གྱིས་དཔྱད་པ་བྱེད་པ་གལ་ཆེ་ཞེས་ཡང་ནས་ཡང་དུ་གསུངས།

      ༢༽ ཐུར་མའི་ལག་ལེན་འདི་ལ་རྒྱུན་དུ་ཁོང་གིས་དོ་སྣང་ཆེན་པོ་བྱེད་ཀྱིན་ཡོད།  སྨན་བཅོས་གང་ཞིག་བྱེད་དགོས་ཚེ་ཐོག་མར་ཐུར་མའི་ལག་ལེན་འདི་བྱེད་ཆོག་མིན་བསམ་བློ་གཏོང་གིན་ཡོད་ཅེས་པ་དང་། ཐུར་མའི་ལག་ལེན་འདིས་བཅོས་དཀའ་བའི་ནད་རིགས་མང་པོ་ཞིག་ལ་ཕན་ཐོགས་དམིགས་བསལ་ཡོད་པ་མ་ཚད།  ལག་ལེན་སྟབས་བདེ་བ་བཅས་ཀྱི་དགེ་མཚན་འདུག་ཅེས་གསུང་གི་འདུག   དེ་མིན་ཁོང་གིས་བྲིས་པའི་རྩོམ་ཆོས་ལ་དངུལ་ཆུ་བཙོ་བཀྲུ་ཆེན་མོའི་ཕན་ཡོན་དང་ཅོང་ཞི་འཕྲུལ་ཐལ་གྱི་ལག་ལེན་བྱེད་ཚུལ་སོགས་ཡོད། མདོར་ན་དམ་པ་ཁོང་གིས་དུས་རྟག་ཏུ་རྣམ་དཀར་དགེ་བའི་ལས་ལ་བརྩོན་ཞིང་ཉམ་ཐག་ནད་པའི་མགོན་དུ་སྐུ་འཚོ་ཞིང་བཞུགས་པ་ལགས།། །།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1