ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གིས།《བྱ་གཞག་ཚན་པའི་འགོ་ཁྲིད་མི་སྣའི་དོ་དམ་ གཏན་འབེབས》པར་འགྲེམས་བྱས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 01-25



 
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་23ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གིས《བྱ་གཞག་ཚན་པའི་འགོ་ཁྲིད་མི་སྣའི་དོ་དམ་གཏན་འབེབས》པར་འགྲེམས་བྱས་པ་དང་འབྲེལ་བརྡ་ཐོ་བཏང་སྟེ། ས་ཁུལ་ཁག་དང་སྡེ་ཚན་ཁག་ལ་ནན་ཏན་ངང་ལག་བསྟར་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
     བྱ་གཞག་ཚན་པའི་འགོ་ཁྲིད་མི་སྣའི་དོ་དམ་གཏན་འབེབས་ལ། 2015ལོའི་ཟླ་5ཚེས་28ཉིན་ཀྲུང་གུང་ཀྲུང་དབྱང་གིས་ཆོག་མཆན་སྤྲད་པ་དང་། 2015ལོའི་ཟླ་5ཚེས་28ཉིན་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གིས་ཁྱབ་བསྒྲགས་བྱས་པ། 2022ལོའི་ཟླ་1ཚེས་14ཉིན་ཀྲུང་གུང་ཀྲུང་དབྱང་གིས་བཟོ་བཅོས་བརྒྱབ་པ། 2022ལོའི་ཟླ་1ཚེས་14ཉིན་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གིས་ཁྱབ་བསྒྲགས་བྱས་པ་རེད།
    《གཏན་འབེབས》ནང་བསྟན་དོན། བྱ་གཞག་ཚན་པའི་འགོ་ཁྲིད་མི་སྣའི་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་བ་དང་། འདེམས་བསྐོའི་ལམ་སྲོལ་དང་དོ་དམ་ལྟ་སྐུལ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ། སྤྱོད་ཡོན་གཉིས་ལྡན་དང་། ལྷག་བསམ་ཟོལ་མེད། སྤྱོད་ཚུལ་དྭངས་གཙང་། འགན་འཁྲི་ཁུར་ཕོད་པ་བཅས་ཀྱི་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་བྱ་གཞག་ཚན་པའི་འགོ་ཁྲིད་མི་སྣའི་དཔུང་ཁག་ཅིག་འཛུགས་སྐྱོང་བྱེད་ཆེད། འབྲེལ་ཡོད་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་དང་བཅའ་ཁྲིམས་གཞིར་བཟུང་གཏན་འབེབས་འདི་བྱས་པ་ཡིན།
    《གཏན་འབེབས》ནང་བསྟན་དོན། གཏན་འབེབས་འདི་ཞིང་ཆེན་རིམ་པ་ཡན་གྱི་ཏང་ཨུད་དང་སྲིད་གཞུང་གི་ཐད་གཏོགས་དང་དེ་བཞིན་སྡེ་ཚན་ཁོངས་གཏོགས་ཀྱི་བྱ་གཞག་ཚན་པའི་འགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་། ཞིང་ཆེན་རིམ་པ་ཡན་གྱི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་དང་། སྲིད་གྲོས། སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན། མི་དམངས་ཁྲིམས་ཁང་། མི་དམངས་ཞིབ་དཔྱོད་ཁང་། མང་ཚོགས་ཚོགས་པའི་ལས་ཁུངས་ཁོངས་གཏོགས་ཀྱི་བྱ་གཞག་ཚན་པ་བཅས་ཀྱི་འགོ་ཁྲིད་ཚན་ཁག་གི་ཁོངས་མིར་སྤྱད་ན་འཐུས།
    འབྲེལ་ཡོད་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་དང་བཅའ་ཁྲིམས་ནང་བྱ་གཞག་ཚན་པའི་འགོ་ཁྲིད་མི་སྣར་དོ་དམ་སྐོར་གྱི་གཏན་འབེབས་ལོགས་སུ་བྱས་པའི་རིགས་གཏན་འབེབས་གཞིར་བཟུང་བྱེད་དགོས།
    བྱ་གཞག་ཚན་པའི་ནང་ཁུལ་དུ་བཙུགས་པའི་སྒྲིག་གཞིའི་འགན་འཁུར་བ་གདམ་གསེས་བསྐོ་སྤྱོད་ལས་དོན་དེ་གཏན་འབེབས་འདིའི་ལེའུ་གཉིས་པ་དང་ལེའུ་གསུམ་པའི་འབྲེལ་ཡོད་དོན་ཚན་ལྟར་ལག་བསྟར་བྱེད་དགོས།
   《གཏན་འབེབས》ནང་གཏན་འཁེལ་ཁ་གསལ་བྱས་དོན། བྱ་གཞག་ཚན་པའི་འགོ་ཁྲིད་མི་སྣར་དོ་དམ་བྱེད་པར། བྱ་གཞག་ཚན་པའི་སྤྱི་ཕན་རང་བཞིན་དང་། ཞབས་ཞུའི་རང་བཞིན། ཆེད་ལས་རང་བཞིན། ལག་རྩལ་རང་བཞིན་སོགས་ཀྱི་ཁྱད་ཆོས་དང་འཚམ་པ་བྱས་ཏེ། འགོ་ཁྲིད་མི་སྣ་འཚར་ལོངས་ཀྱི་ཆོས་ཉིད་ལ་བརྩི་སྲུང་དང་བྱ་གཞག་ཚན་པའི་གསོན་ཤུགས་འཕེལ་བར་བྱས་ནས། སྤྱི་ཕན་བྱ་གཞག་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། ལས་དོན་སྤེལ་སྐབས་གཤམ་གསལ་གྱི་རྩ་དོན་མཐའ་འཁྱོངས་བྱེད་དགོས་པ་སྟེ། གཅིག་ནས་ཏང་གིས་ལས་བྱེད་པར་དོ་དམ་དང་ཏང་གིས་ཤེས་ལྡན་མི་སྣར་དོ་དམ་བྱེད་དགོས་པ་དང་། གཉིས་ནས་སྤྱོད་ཡོན་གཉིས་ལྡན་དང་སྤྱོད་བཟང་གོང་བཀུར་གྱིས་ཕྱོགས་བཞི་མཚམས་བརྒྱད་ནས་སྤྱོད་ཡོན་གཉིས་ལྡན་གྱི་མི་ཁོ་ན་བསྐོ་གཞག་བྱེད་དགོས་པ། གསུམ་ནས་བྱ་གཞག་གོང་དུ་བཀུར་བ་དང་། མི་དང་ལས་གནས་འཚམ་མཐུན། མི་དོན་ཕན་ཚུན་མཐུན་པོ་བཅས་ཡོང་བ་བྱེད་དགོས་པ། བཞི་ནས་དངོས་སྒྲུབ་འགན་འཁུར་དང་། ལས་ཀའི་གྲུབ་འབྲས། ཀུན་གྱི་ཁས་ལེན་བཅས་ལ་སྣང་ཆེན་བྱེད་དགོས་པ། ལྔ་ནས་རིམ་པ་དང་རིགས་བགོས་ནས་དོ་དམ་བྱེད་དགོས་པ། དྲུག་ནས་དམངས་གཙོ་གཅིག་སྡུད་ལམ་ལུགས་མཐའ་འཁྱོངས་བྱེད་དགོས་པ། བདུན་ནས་སྒྲིག་སྲོལ་དང་བཅའ་ཁྲིམས་ལྟར་ལས་དོན་སྒྲུབ་དགོས་པ་བཅས་རེད།
    《གཏན་འབེབས》ནང་བྱ་གཞག་ཚན་པའི་འགོ་ཁྲིད་མི་སྣའི་འགན་འཁུར་ཆ་རྐྱེན་དང་ཐོབ་ཐང་དང་། འདེམས་སྒྲུག་དང་བསྐོ་སྤྱོད། འགན་འཁུར་ཡུན་དང་འགན་འཁུར་ཡུན་གྱི་དམིགས་ཚད་འགན་འཁྲི། ཕྱིར་འཐེན་ལམ་སྲོལ་སོགས་ལ་བླང་བྱ་གསལ་པོ་བཏོན་ཡོད།
   《གཏན་འབེབས》དེར་ཁྱོན་ལེའུ་བཅུ་དང་དོན་ཚན་ང་གཅིག་ཡོད་པ་དང་ཁྱབ་བསྒྲགས་བྱས་པའི་ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1