བོད་དུ་རྟ་རྒྱུག་བཏང་ནས་ལོ་གསར་ཚེས་པ་གསུམ་དགའ་གཏོང་བྱེད་སྲོལ།ཡོངས་ཁུངས།

རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཁམས་པའི་བརྙན་འཕྲིན་དྲ་བ། སྤེལ་དུས། 01-28


     རྟ་རྒྱུག་ནི་བོད་རིགས་ཀྱིས་དགའ་ཞེན་ཆེན་པོ་བྱེད་པ་དང་དར་ཁྱབ་ཆེ་བའི་ལུས་རྩལ་བྱེད་སྒོ་ཞིག་རེད།  བོད་ཀྱི་རྟ་རྒྱུག་ལོ་རྒྱུས་ཡུན་རིང་བ་དང་།  བོད་རིགས་ཀྱི་ལོ་རྒྱུས་དེབ་ཐེར་ཐོག་འཁོད་པར་གཞིགས་ན།  རྟ་རྒྱུག་ཐེངས་དང་པོ་དེ་ནི་བསམ་ཡས་དགོན་ལེགས་གྲུབ་བྱུང་བའི་མཛད་སྒོའི་ཐོག་བཏང་བ་དང་།  སྤྱི་ལོ ༧༢༩ ལོར་ཡིན་པ་དང་སྐབས་དེར་རྟ་རྒྱུག་ཟླ་ཕྱེད་ཙམ་བཏང་བ་རེད།

  རྟ་རྒྱུག་ནི་བོད་ཀྱི་ལོ་གསར་གཏོང་རིང་མེད་དུ་མི་རུང་བའི་བྱེད་སྒོ་ཞིག་ཀྱང་ཡིན་ཞིང་། རྟ་རྒྱུག་དེ་བོད་དུ་བཀྲ་ཤིས་དང་དཔའ་ངར། བློ་གྲོས་བཅས་མཚོན་གྱི་ཡོད། རྟ་ནི་སྤྱང་གྲུང་དོད་ལ་ཁ་ལ་ཉན་པས་བོད་རིགས་མང་ཚོགས་དབར་བརྩེ་བ་ཧ་ཅང་ཟབ་པོ་ཆགས་ཡོད། ལོ་གསར་པའི་ནང་རྟ་རྒྱུག་ལ་ལྟ་བ་དང་རྟའི་རྨིག་སྒྲ་ཉན་རྒྱུ་དེ་ལོ་གསར་པའི་ནང་ཆར་ཆུ་དུས་སུ་འབབ་པ་དང་མི་ལ་ནད་མེད་ཚེ་རིང་ཡོང་བའི་ཆེད་དུ་ཡིན་པས། དེ་ནི་ཧ་ཅང་བཀྲ་ཤིས་པའི་བྱ་བ་ཞིག་ཡིན་པའི་བཤད་སྲོལ་ཡོད།  ཚེས་གསུམ་རྟ་རྒྱུགས་ཐོག་བོད་ཀྱི་ཐུན་མོང་མ་ཡིན་པའི་རྟ་ཐོག་གི་རྩལ་སྟོན་སྣ་ཚོགས་བྱེད་ཀྱི་ཡོད་པ་དཔེར་ན།  རྟ་ཐོག་ནས་ཁ་བཏགས་སྒྲུག་པ་དང་རྟ་ཐོག་ནས་ཆང་ཕོར་སྒྲུག་པ་སོགས་བྱེད་ཀྱི་ཡོད།

  སྔར་གྱི་ཤོད་རྒྱུན་དུ་ཚེས ༣ ཉིན་ནི་རྩེ་དྲུང་རྣམས་རྩེ་ཕོ་བྲང་དུ་འཛོམས་ནས་དྲུང་ཇ་ཚོགས་པ་དང་།  ཤོད་དྲུང་རྣམས་ནི་དེ་ཉིན་ལྷ་གསོལ་བའི་དུས་ཚིགས་ཡིན་པས།  གནས་ཆུང་དུ་གཟབ་གསོལ་དུ་བསྐྱོད་དེ་གནས་ཆུང་ཆོས་སྐྱོང་སྤྱན་འདྲེན་ལུང་ཞུ་བྱེད་པ་དང་།  ཉིན་གུང་རྒྱབ་ཏུ་ཡར་ལམ་རྫོང་རྒྱབ་ཏུ་ཚེས་གསུམ་ཐོག་མདའ་ཞེས་མདའ་འཕེན་པ་དང་།  གླུ་གར་རོལ་མོ་སོགས་ལ་རོལ་ནས་ལོ་གསར་གྲོལ་སྟོན་ལྟ་བུ་བྱེད་པ་ཡིན་པས།  གཟབ་གསོལ་གྲོས་སྟོན་ཞེས་བརྗོད་པ་ཡིན།  འོན་ཏེ་ཡུལ་སྲོལ་ལྟར་ན།  དེ་ཉིན་དབུས་གཙང་སྟོད་སྨད་ཀུན་ཏུ་རྟ་རྒྱུག་གཏོང་སྲོལ་ཡོད།  ལྷག་པར་དུ་དུས་རབས་གོང་མའི་ལོ་རབས ༨༠ ནས་བཟུང་།  ལོ་ལྟར་བོད་ཀྱི་ལོ་གསར་སྐབས་སུ་ལྷ་ས་གྲོང་ཁྱེར་ཁྲེན་ཀོན་ཆུས་གྲྭ་བཞི་ཤར་ལམ་དུ་གནས་པའི་བྱང་འདབས་རྟ་རྒྱུག་ར་བར་སྲོལ་རྒྱུན་གྱི་རྟ་རྒྱུག་རྩལ་སྟོན་ཐེངས་གཅིག་བྱེད་པ་དང་།  ལོ་ལྟར་ལོ་གསར་གྱི་ཚེས ༣ ཉིན།  ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་ལྟད་མོ་བ་མི་ཐེངས་ཁྲི་ལྷག་ཙམ་ཟིན་གྱི་ཡོད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1