རྟའུ་རྫོང་གིས་འགོག་སྲུང་གཙིགས་སུ་བཟུང་ནས་ནགས་རྩྭའི་མེ་ཟོན་ཇེ་བརྟན་དུ་བཏང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 01-28


        མིག་སྔར་ནགས་ཚལ་དང་རྩྭ་ཐང་དུ་མེ་སྐྱོན་ཤོར་སླ་བའི་དུས་སུ་སླེབས་ཡོད། མིའི་རྐྱེན་གྱིས་ནགས་རྩྭའི་མེ་སྐྱོན་མི་འབྱུང་བ་དང་ནགས་རྩྭའི་མེ་གསོད་དམག་འཐབ་ལ་རྒྱལ་ཁ་ཐོབ་ཆེད། རྟའུ་རྫོང་གིས་འགོག་སྲུང་གཙིགས་སུ་བཟུང་ནས་ནགས་རྩྭའི་མེ་ཟོན་ཇེ་བརྟན་དུ་བཏང་བ་རེད།
        རྟའུ་རྫོང་གིས་དཔྱད་ཞིབ་བྱེད་ཐབས་བཟོས་ནས་འགན་འཁྲི་བདའ་འདེད་ནན་པོ་བྱས་ཏེ《རྟའུ་རྫོང་གི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་སྔོན་འགོག་གི་ཆེད་དོན་དཔྱད་ཞིབ་བྱེད་ཐབས》བཏོན་པ་དང་། བྱེད་ཐབས་དེ་གཙོ་བོ་རྫོང་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་སྔོན་འགོག་གི་ཆེད་དོན་དམིགས་ཚད་དཔྱད་ཞིབ་བྱས་འབྲས་ལ་སྤྱོད་པ་དང་། མེ་སྐྱོན་གྱི་རྒྱ་ཁྱོན་ཆེ་ཆུང་གཞིར་བཟུང་ནས་འབྲེལ་ཡོད་འགན་འཁུར་བར་འགན་འཁྲི་བདའ་འདེད་དང་ཐག་གཅོད་ནན་པོ་བྱ་རྒྱུ་རེད། “ཏང་སྲིད་ཀྱི་འགན་འཁྲི་གཅིག་མཚུངས་དང་། ལས་གནས་གཅིག་ལ་འགན་འཁྲི་གཉིས། འགན་འཛོལ་བདའ་འདེད་གཏོང་བ”བཅས་ཀྱི་བླང་བྱ་གཞིར་བཟུང་ནས། ཕྱོགས་ཡོངས་ནས་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་སྲིད་འཛིན་འགོ་ཁྲིད་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱས་ཏེ་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་འགན་འཁྲི་སོ་སོ་རིམ་པ་བཞིན་དོན་འཁྱོལ་ཡོང་བ་བྱས་ནས་མིག་སྔར་གྱི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་དང་། རིམས་ནད་སྔོན་འགོག། ཉེན་མེད་ཐོན་སྐྱེད་སོགས་ཀྱི་ལས་དོན་བསྐྱར་དུ་ནན་བཤད་དང་བསྐྱར་དུ་བཀོད་སྒྲིག། སླར་ཡང་དོན་འཁྱོལ་བཅས་བྱས་པ་རེད།
        ནུས་ཤུགས་ཡོད་རྒུས་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན“སེམས་ནས་འགོག་པའི”ལས་དོན་ཡག་པོ་བསྒྲུབ་རྒྱུར་དམིགས་ནས། རྟའུ་རྫོང་གིས་དྲིལ་བསྒྲགས་རླངས་འཁོར་གྲོང་སྡེ་ཀུན་ལ་ཁྱབ་པ། ལག་ཏུ་སྒྲ་སྒམ་ཆུང་ངུ་འཛིན་པ། ཉེན་བརྡ་སློབ་གསོའི་བརྙན་རིས་གཏོང་བ། ལག་པ་ཆུང་ངུ་ཡིས་ལག་པ་ཆེན་པོར་འཛིན་པ། ཁྱིམ་བདག་ལ་འཕྲིན་ཡིག་སྐུར་བ། མེ་ཟོན་བཀའ་རྒྱ་སྦྱར་བ་སོགས་ཀྱི་བྱེད་ཐབས་སྣ་ཚོགས་སྤྱད་དེ། ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་སྔོན་འགོག་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་དང་འགྲེལ་བཤད་བརྒྱབ་པས་དྲིལ་བསྒྲགས་སློབ་གསོའི་ཁྱོན་ཡོངས་ལ་ཁྱབ་ཡོད་པ་རེད།
        དེ་དང་ཆབས་ཅིག་ཏུ། རྟའུ་རྫོང་གི་ནུས་ཤུགས་ཡོད་རྒུས་འཕྲལ་སྡོམ་གྲ་སྒྲིག་ཡག་པོ་བྱས་ནས་མེ་གསོད་ནུས་པ་ཇེ་དྲག་ཏུ་བཏང་བ་རེད། ཕྱོགས་ཡོངས་ནས་མེ་གསོད་སྟོབས་ཤུགས་དང་འཕྲལ་སྡོམ་ཐག་གཅོད།དངོས་ཟོག་སྒྲིག་ཆས་སོགས་གྲ་སྒྲིག་གང་ལེགས་དང་དོན་འཁྱོལ་ཡོང་བ་བྱས་ཏེ། དུས་དང་རྣམ་པ་ཀུན་ཏུ་འཐབ་འཛིང་གི་རྣམ་པ་རྒྱུན་འཁྱོངས་བྱེད་པ་དང་། མེ་སྐྱོན་འཚུབ་བསྟུན་གྱི་སྔོན་བཀོད་ཐབས་ཇུས་དེ་མ་ཐག་ཏུ་ལག་བསྟར་བྱས་ནས། དུས་ཚོད་ཐུང་ཤོས་ནང་རྩ་འཛུགས་འགོ་ཁྲིད་རང་གནས་སུ་སླེབས་པ་དང་མེ་གསོད་མི་སྣ་རང་གནས་སུ་སླེབས་པ། རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་རང་གནས་སུ་སླེབས་པ་བྱས་ནས་ནུས་པ་ཆེན་པོས་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་ཐག་གཅོད་འོས་འཚམ་བྱས་པ་རེད། རྫོང་རིམ་པའི་འགོ་ཁྲིད་བྱས་པའི་ཚོགས་ཆུང་ཆུ་ཚོད24རིང་ལ་ལས་རེས་ལམ་ལུགས་མཐའ་འཁྱོངས་བྱས་ནས། ལས་རེས་མི་སྣ་ལས་གནས་སུ་མེད་པ་དང་ལས་གནས་ནས་ལུས་པ་སོགས་ཀྱི་སྣང་ཚུལ་ཐོན་རྒྱུ་ནན་འགོག་བྱས་ཏེ་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་ཆ་འཕྲིན་གོང་རིམ་ལ་བརྒྱུད་སྤྲོད་བྱེད་པ་གནད་དུ་འཁེལ་བར་འགན་ལེན་བྱས། ནགས་ཚལ་དང་རྩྭ་ཐང་ལ་མེ་སྐྱོན་བྱུང་ཚེ“མེ་ཡོད་ན་ངེས་པར་དུ་སྙན་སེང་ཞུ་དགོས་པ་དང་མེ་གསོད་བཞིན་དུ་སྙན་སེང་ཞུ་དགོས་པ། སྙན་སེང་དང་མེ་གསོད་དུས་མཉམ་དུ་བྱེད་པ། ཁོངས་གཏོགས་སུ་སྙན་སེང་ཞུ་དགོས་པ”བཅས་ཀྱི་གཏན་འབེབས་གཞིར་བཟུང་ནས་གནད་ལ་འཁེལ་བ་དང་དུས་ཐོག་ཏུ་འཁེལ་བ། རིམ་པ་བཞིན་མེ་སྐྱོན་གྱི་གནས་ཚུལ་སྙན་སེང་ཞུ་དགོས་པ་དང་ལས་ཀའི་རང་འགུལ་དབང་ཆ་བློ་གདེང་བྱས་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1