༄༅།།དར་མདོ་གྲོང་ཁྱེར་འཕང་མདའ་དགོན་པའི་ལྡེབས་རིས།

རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཁམས་པའི་བརྙན་འཕྲིན་དྲ་བ། སྤེལ་དུས། 01-29


  གནའ་བོའི་ལྷ་ཁང་གི་ལྡེབས་རིས་བརྒྱུད་ནས་གནའ་བོའི་ཤེས་རིག་ལ་རྒྱུས་མངའ་བྱས་པས་ན། ལོ་ངོ་སྟོང་ཕྲག་དུ་མའི་གོང་གི་ཤེས་རིག་སླར་ཡང་རྨི་ལམ་བཞིན་དུ་ལྷང་ངེར་འཆར། འདི་ནི་གུས་པས་འཕང་མདའ་དགོན་པའི་ལྡེབས་རིས་ལ་བལྟས་རྗེས་ཀྱི་མྱོང་བ་རང་ཤར་ཞིག་གོ།

   ༢༠༢༠ལོའི་ཟླ༢པའི་ཚེས༢༥ཉིན་ང་རང་གྲོགས་པོ་དང་མཉམ་དུ་འཕང་མདའ་ལ་སོང་བ་ཡིན། འཕང་མདའ་ལ་འགྲོ་བའི་ལམ་དེར་ང་རང་འགྲོ་ཐེངས་དང་པོ་ཡིན་པས། སེམས་ནང་ཡ་མཚན་དང་རེ་བས་ཁེངས། དེའི་ཁར་ལམ་བར་དུ་གྲོགས་པོ་ཚོས་ང་ལ་དགོན་པ་གང་དེའི་ལྡེབས་རིས་ལབ་གླེང་མང་དུ་བྱས་བྱུང་བས། དགོན་པའི་ལྡེབས་རིས་མ་མཇལ་གོང་ནས་སེམས་ནང་ལྡེབས་རིས་དེ་ནི་བི་ཤ་ཀརྨའི་རྩལ་ལས་ཐོན་ལྟར་ངོ་མཚར་ཁྱད་དུ་འཕགས་པ་ཞིག་སྨྲོས་མེད་རེད་བསམ་བྱུང་།

   རེ་སྒུག་ཡུན་རིང་བྱས་པའི་འཕང་མདའ་དགོན་པར་སླེབས་དུས། དགོན་སྡེ་དེ་དགོན་པ་གཞན་དང་བསྡུར་ན་ཆུང་ཆུང་ཞིག་ཡིན་མོད། གནས་དེར་འབྱོར་དུས། མཚན་ལ་ཚུལ་ཁྲིམས་རྣམ་དག་ཞུ་བའི་དགོན་བདག་གིས་ཕྱག་ཏུ་མཇལ་དར་བསྣམས་ནས་བསུ་བ་ཞུས་བྱུང་། དགོན་བདག་ཁོང་ནི་རོང་བྲག་རྫོང་ཁོངས་སུ་སྐུ་འཁྲུངས་པ་དང་། ༡༩༩༧ལོར་དར་མདོ་རྫོང་འཕང་མདའ་དགོན་པའི་དགོན་བདག་གི་འགན་བཞེས།

   དགོན་བདག་གིས་ང་ཚོར་ངོ་སྤྲོད་གནང་དོན། དགོན་པ་དེ་ནི་གནའ་བོའི་གཡུང་དྲུང་བོན་ཆོས་ཀྱི་དགོན་པ་ཞིག་ཡིན་པ་དང་། དགོན་དེའི་འཛུགས་སྐྲུན་འབུར་བརྐོས་རབ་ཏུ་མཛེས་ཤིང་ཁྱད་ཆོས་ཀྱིས་ཕྱུག  སྤྱི་ལོ༩༧༦ལོར་དགོན་པ་ཕྱག་བཏབ་པ་ནས་ད་བར་ལོ༡༠༠༠ལྷག་གི་ལོ་རྒྱུས་འདུག  མཚམས་སྦྱོར་ཞུ་བའི་བརྒྱུད་རིམ་ནང་དགོན་པ་ཆུང་ཆུང་དེ་དངོས་གནས་སྤྱིར་བཏང་མིན་པ་ཞིག་ཤེས་བྱུང་ལ། ལྷ་ཁང་ངོ་མའི་ནང་སླེབས་དུས། དེའི་ནང་སྐུ་བརྙན་དང་། ལྡེབས་རིས། པང་རིས། ཐང་ག་སོགས་མང་དུ་ཡོད་པ་གང་ཞིག  མིག་མདུན་དུ་འཆར་བའི་ལྡེབས་རིས་རེ་རེ་ལས་སྐུ་ཡི་ཁ་དོག་སྣ་དགུས་སྔ་ལྟས་བཟང་པོ་ཤུགས་ནས་འཕྲོ་བཞིན། དེ་ཡི་དགེ་བ་དཔག་མེད་མི་ཡུལ་ཞིང་དུ་ལྷན་ནེར་ཁྱབ་འདྲའི་ཚོར་བ་སྤྲད་བྱུང་། སྐབས་དེ་དུས་ཀྱི་ངའི་སེམས་པ་ཕྲ་མོར་ཤར་ཡོང་བ་ནི་དག་པའི་གནས་མཆོག་བསྐོར་བ་ཡིས། སྡིག་སྒྲིབ་མཐའ་དག་མ་ལུས་སེལ་དང་གཉིས་སུ་མ་མཆིས།

   དགོན་སྡེའི་བྱ་འདབ་བཞི་རུ་ལི་དྲིལ་རེ་བཀལ་ཞིང་། དེ་དག་གི་སྙན་སྒྲ་ལེ་དབར་འགའ་ཡི་ས་ལ་ལྷང་ལྷང་དུ་སྒྲོགས། ཁ་གཡང་བརྒྱ་ནས་གཏམ་ངན་རེ་ཞེས་པའི་དཔེ་ལྟར་དགོན་དེའི་ཐོག་བརྩེགས་དང་པོའི་ལྡེབས་རིས་ནི་ལྟ་སྣང་དུ་ཞིག་གསོ་བྱེད་མྱོང་བ་ཞིག་ཏུ་སྣང་བས། དགོན་བདག་ཁོང་གིས་ཀྱང་ང་ཚོའི་གང་བསམ་མཁྱེན་པ་ལྟར་ཆེས་འཕངས་བ་ཞིག་ལ་ལྡེབས་རིས་འདི་ནི་ལོ༢༠ཡི་གོང་དུ་ཞིག་གསོ་བྱེད་མྱོང་བས། ཆེས་གདོད་མའི་ལྡེབས་རིས་སུ་གནས་མེད་ཅེས་གསུངས་བྱུང་། དེ་ནས་ཡར་ལ་བལྟས་ན། དགོན་པའི་རྒྱ་ཕིབས་གྲུ་གསུམ་དབྱིབས་སུ་ཤར་ཡོད་ལ། དགོན་པ་ཆགས་ས་འདི་ཡང་གྲུ་གསུམ་ཞིག་ཡིན། འཛུགས་སྐྲུན་གྱི་བཀོད་པ་འདི་རིགས་ལ་རི་གསུམ་ཁ་སྦྱོར་དུ་གྲགས་ཞེས་མུ་མཐུད་འགྲེལ་བཤད་གནང་བྱུང་།

   སྐབས་དེ་དུས་ཁོང་གིས་སྣུམ་སྒྲོན་ཞིག་སྤར་ནས། གནའ་བོའི་རི་དྭགས་ཆོས་འཁོར་གྱི་ལྡེབས་རིས་ལ་བལྟ་རུ་བཅུག་བྱུང་། ཁོང་གིས་ཆོས་འཁོར་ལ་ང་ཚོས་ཉི་མའི་འཁོར་ལོ་ཡང་ཟེར་སྲོལ་ཡོད། དེ་ནི་བོན་ཆོས་ནང་དང་ཐོག་ཉི་མར་དད་གུས་བྱེད་པའི་རྟགས་ཤིག་ཡིན། དེ་ཡང་མེ་ཏོག་པདྨའི་སྟེང་དུ་ཉི་མའི་ཆོས་འཁོར་ཆེ་ཆུང་མི་འདྲ་བ་བསྐྱར་བརྩེགས་སུ་གནས། འདི་ནི་བོན་ཆོས་ཀྱི་ལྷའི་འབྱུང་ཁུངས་ཡིན་ཞེས་གསུངས་བྱུང་། ཞིབ་པར་བལྟས་ན་ཉི་མའི་ཆོས་འཁོར་གྱི་ཐིག་རིས་མིག་ལམ་དུ་མཛེས་ཤིང་བདེ་ལ། དལ་འགྲོ་དང་ནི་སྤྲིན་དཀར་རྒྱུ་ལྟར་སྣང་། དཀར་ནག་འདྲེས་མར་གྲུབ་ཅིང་དོན་སྙིང་ཤིན་ཏུ་ཟབ་པ་བཅས་ཡིན་པས། ལྡེབས་རིས་ནང་གི་པིར་རྩལ་སྨྱུག་རིས་ཀྱིས། བྱས་ངན་སྡིག་སྒྲིབ་མ་ལུས་དག་པར་བྱེད་ཅེས་པའི་ལྡེབས་རིས་ལ་བསྟོད་པའི་ཚིག་དེ་སེམས་ནང་ལྷང་ངེར་དྲན་བྱུང་།

   ཁང་ཀླད་ཀྱི་ལྡེབས་རིས་དག་དཀར་ཁྲ་ནག་ཁྲར་གྱུར་མོད། ཡིན་ནའང་དེའི་ལྡེབས་རིས་ཀྱི་ཡིད་འགུལ་ཐེབས་ཐུབ་པའི་ཚོར་བ་དྲག་ཏུ་སྟེར་ཐུབ། ཕྱོགས་བཞི་མཚམས་བརྒྱད་ཀྱི་ཆོས་སྐྱོང་སྲུང་མ་རྣམས་གྱང་ལྡེབས་སུ་བྲིས་ཤིང་། ཚོན་མདོག་སྔོ་དཀར་བཏང་བ་དང་། མཛེས་པའི་མེ་ཏོག་པདྨ་རགས་སུ་བྲིས་པ་ལས། གནམ་གཅལ་གྱི་སྲུང་མ་ཡི་དམ་གྱི་ཟིལ་ཉམས་མངོན། མ་ཟད་འོག་ནས་ཡར་ལ་ལྟ་དུས་ལྷད་མེད་ཡིད་ཀྱི་དད་པའི་སྤུ་ལོང་དེ་ཡི་དམ་ལྷ་ཡི་ཕྱོགས་ལ་དབང་མེད་དུ་གཡོ།

   འཕང་མདའ་དགོན་པ་འདི་ནི་མཛེས་སྡུག་ལྟ་ན་སྡུག་པའི་འཕང་མདའ་ཡུལ་ཤོག་གི་ཁོངས་སུ་ཆགས་ཤིང་། ངས་དགོན་ཆུང་འདིར་བཅངས་པའི་དད་ཞེན་ཇེ་ཆེ་ནས་ཇེ་ཆེར་འགྲོ་བཞིན་འདུག  ཡིན་ནའང་དུས་ཁོམ་དེ་ཙམ་མེད་པའི་རྐྱེན་གྱིས་དགོན་དེར་རྒྱུས་མངའ་ཆ་ཚང་པོ་བྱུང་མ་སོང་། དེས་ན་དགོན་བདག་མཆོག་ཉིད་འཕྲིན་ཕྲན་གྱི་འཕྲིན་གྲོགས་སུ་བསྣན་ནས། འཕྲིན་སྟེགས་བརྒྱུད་དེ་ཁོང་དང་ལབ་གླེང་ཧ་ཅང་མང་པོ་བྱ་རྒྱུའི་གོ་སྐབས་ཐོབ་བྱུང་། འཕང་མདའ་དགོན་པ་ཕྱག་འདེབས་མཁན་གྱི་མཚན་ལ་རྒྱལ་རོང་ལེགས་པ་རྒྱལ་མཚན་ཞུ་ཞིང་། སྤྲུལ་སྐུ་ཐོག་མ་ཉི་མ་དབང་རྒྱལ་མཆོག་ཡིན། འཕང་མདའ་དགོན་པར་དགེ་འདུན་མང་བའི་སྐབས་སུ་དྲུག་ཅུ་ཙམ་ཟིན། དགོན་པ་ཕྱག་བཏབ་པ་ནས་ད་ལྟའི་བར་ཕྱིར་མིག་ཞིག་བལྟས་ན། དྲག་ཆར་དང་ཁ་བ་བུ་ཡུག་གི་ཁྲོད་དུ་ལོ་ངོ༡༠༠༠ལྷག་གནས་ཤིང་། ཡིག་ཚང་ཟིན་བཀོད་ལྟར་ན་སྐབས་དེ་དུས་བརྗིད་ཆགས་ལྟ་ན་སྡུག་ཅིང་དགེ་འདུན་ཚོགས་ཀྱང་མང་བར་མངའ། དགོན་པ་འདིའི་འདུ་ཁང་གི་རྟེན་གཙོ་ནི་བོན་ཆོས་སྲོལ་གཏོད་མཁན་སྟོན་པ་གཤེན་རབ་མི་བོ་ཆེ་མཆོག་ཡིན། འདུ་ཁང་གི་གཡོན་ལོགས་ནི་ཡི་དམ་ལྷ་ཁང་ཡིན་པ་དང་། གཡས་ཕྱོགས་ནི་སྐྱེས་ཆེན་དམ་པ་གོང་མ་རིམ་བྱོན་གྱི་གདུང་རྟེན་ལྷ་ཁང་སྟེ་འབྲུག་གསས་བླ་བྲང་ཞེས་པ་དེ་ཡིན། མཐའ་བཞི་ཤག་དང་དཀྱིལ་དུ་སྒོ་ར་ཡིན་པའི་ཐོག་ནས་གནས་པས། དེར་དགེ་འདུན་ཚོགས་ཀྱི་གཟིམས་ཤག་ཡིན། འདུ་ཁང་གི་གཡོན་གཤམ་དུ་གཡུང་དྲུང་བཀོད་ལེགས་མཆོད་རྟེན་ཡོད་པ་དང་། དེའི་མཐའ་འཁོར་མ་ཏྲི་འཁོར་ལོ༡༠༨ཀྱིས་བསྐོར་ཡོད། ༡༩༩༨ལོ་ནས་དགོན་བདག་ཁོང་གིས་སྐུལ་ཁྲིད་འོག་ལྷ་ཁང་གཙོ་བོ་ཕུད་པའི་ལས་གཞི་གཞན་པ་རྣམས་ཡོངས་སུ་སྤེལ་འགོ་བརྩམས། ༡༩༩༩ལོའི་ཟླ༡༠པའི་ཚེས༦ཉིན། འཕང་མདའ་དགོན་པའི་མཆོད་རྟེན་དཀར་པོ་སྟེ་གཡུང་དྲུང་བཀོད་ལེགས་མཆོད་རྟེན་དངོས་སུ་ཕྱག་འདེབས་འགོ་བཙུགས་པས། གཞི་ཁྱོན་ཆེ་བའི་ལས་གཞི་དེ་ཉིན༤༩སོང་རྗེས་དངོས་སུ་བཞེངས་གྲུབ་ཅིང་། མ་ཏྲི་འཁོར་ལོ་རྣམས་ཀྱང་དེ་མུར་ཉོ་སྒྲུབ་བྱས་ཟིན་ཞེས་གསུངས་བྱུང་།

   ད་ལྟའི་འཕང་མདའ་དགོན་པ་ནི་བརྗིད་ཆགས་རྔམ་ཟིལ་ལྡན་ཞིང་། དབེན་འཇགས་ཆོས་རའི་ནང་ནས་ཆོས་སྒྲ་ལྷང་ལྷང་དུ་སྒྲོག་པ་དང་། མ་ཎི་བསྐོར་བའི་སྒྲ་གསལ་ལེར་ཐོས་ཐུབ་པས། རི་རླུང་ལྡང་དུས་སྙན་འཇེབས་ཡིད་དབང་འཕྲོག་པའི་ཆོས་སྒྲས་འཁོར་བའི་སྡིག་སྒྲིབ་སེལ་བ་ཞིག་དང་གཉིས་སུ་མེད་པའོ།།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1