བོད་ལྗོངས་ཀྱི་བྱིས་པ57གྱིས་ཆིང་ཏའོ་ནས་ལོ་གསར་ལ་རོལ་རྒྱུ་རེད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 01-29



ཆུ་མོག་གི་ཤུན་པའི་ནང་དུ་ཤ་བཅུག་ཅིང་།
དེ་ལས་ལོ་གསར་དུས་ཆེན་གྱི་རྣམ་པ་ཞིག་མངོན་པ་སྟེ།
བྲོ་བ་ཞིམ་པའི་ཆུ་མོག་ཚ་པོ་ཞིག་ལ་སོ་བཏབ་ན།
དེ་ལས་ཧ་ཅང་རྒྱུས་ཡོད་པའི་རང་ཁྱིམ་གྱི་བྲོ་བ་རྣལ་མ་དེ་མྱོང་ཐུབ།
         ལུགས་རྙིང་གི་ཟླ་བཅུ་གཉིས་པའི་ཚེས་ཉེར་གསུམ་ཉིན་གྱི་སྔ་དྲོར། ཆིང་ཏའོ་དཔལ་འབྱོར་ལས་རིགས་སློབ་གྲྭའི་ཟ་ཁང་དུ་ཧ་ཅང་འཁྲུག་ཆ་དོད་པོ་ཡོད་ཅིང་། ནང་སའི་བོད་ལྗོངས་འབྲིང་རིམ་ལས་རིགས་སློབ་གྲྭའི་སློབ་མ57གྱིས་དགེ་རྒན་ཚོ་དང་མཉམ་དུ་ཆུ་མོག་བཟོ་བ་དང་མངར་ཀྭ་ཟས་ནས་སྲོལ་རྒྱུན་གྱི་རྣམ་པའི་ཐོག་ནས་ལོ་གསར་ཆུང་བ་སླེབས་པར་རྟེན་འབྲེལ་ཞུས། རྒྱུན་སྲོལ་ལྟར་ན། བོད་ལྗོངས་ཀྱི་བྱིས་པ་འདི་དག་གིས་ཆིང་ཏའོ་རུ་དགུན་ཁའི་གུང་གསེང་གཏོང་གི་ཡོད། ཁོ་ཚོ་ཕ་ཡུལ་དུ་ལོག་ནས་ཁྱིམ་མི་མཉམ་འཛོམས་བྱེད་ཐབས་བྲལ་ཡང་། ཕ་ཡུལ་དང་ལེ་དབར་སྟོང་གིས་ཆོད་པའི་ཆིང་ཏའོ་རུ་ཁོ་ཚོས་སྔར་བཞིན་དགེ་རྒན་གྱི་བརྩེ་སེམས་ཁྲོད་ནས་ཁྱིམ་གྱི་དྲོ་སྐྱིད་མྱོང་ཐུབ།

         ཉིན་དེར་ཆིང་ཏའོ་དཔལ་འབྱོར་ལས་རིགས་སློབ་གྲྭའི་ཟ་ཁང་དུ་འཕྲེད་འགེལ་སྦྱར་ཡིག་དམར་པོ་དང་ཚོན་མདོག་སྣ་ཚོགས་ལྡན་པའི་དབུགས་ལྒང་བཅས་ཀྱིས་ལོ་གསར་གྱི་རྣམ་པ་བཏོད་ཅིང་། དགེ་སློབ་ཚོ་ལྷན་དུ་འཛོམས་ནས་དགའ་སྤྲོའི་ངང་ཆུ་མོག་བཟོ་བཞིན་ཡོད། དགེ་རྒན་ཚོས་ཡུལ་དངོས་སུ་ལག་རྩལ་ལག་རོགས་པ་ལྟ་བུའི་ནུས་པ་ཐོན་པ་སྟེ། སློབ་མའི་ཁྲོད་དུ་ཕར་འགྲོ་ཚུར་འོང་བྱེད་པ་དང་། སྐབས་འགར་སློབ་མ་ལ་ལས་བོས་ནས་ཆུ་མོག་བཟོ་སྲོལ་ཁྲིད་དུ་འཇུག་པ་དང་། ཡུལ་དངོས་སུ་ཆུ་མོག་བཟོ་སྟངས་དཔེ་སྟོན་བྱེད་བཞིན་ཡོད།
         “རིལ་རིལ་དེ་ཆབ་མདོའི་ཆུ་མོག་རེད། མེ་ཏོག་འདབ་མའི་དབྱིབས་ཀྱིས་བསྐོར་བ་འདི་ནག་ཆུའི་ཆུ་མོག་རེད། ཕོ་བ་རྒྱགས་པ་ལྟ་བུ་ཡོད་པ་དེ་ཆིན་ཏའོ་ཡི་ཆུ་མོག་རེད།”ཅེས་བྱིས་པ་ཚོས་ལག་ནས་བཟོ་མཚམས་མི་འཇོག་ཅིང་། ད་དུང་སྤྲོ་སེམས་འཁོལ་བའི་ངང་གསར་འགོད་པར་ས་གནས་ཁག་གི་ཆུ་མོག་མི་འདྲ་བའི་ཕྱིའི་རྣམ་པ་ངོ་སྤྲོད་བྱེད་བཞིན་ཡོད།

         “ང་ཚོའི་ཕ་ཡུལ་དུ་ལོ་གསར་གཏོང་སྐབས་ཀྱང་ཆུ་མོག་ཟ་བ་ཡིན་མོད། འོན་ཀྱང་ས་ཁུལ་མི་འདྲ་བའི་ཆུ་མོག་གི་རྣམ་པ་མི་འདྲ།” “དེ་ན་ཁྱོད་ཀྱིས་བཟོ་མི་ཤེས་པ་ཅི་རེད། “རྒྱུ་མཚན་ནི་ངས་ཁྱིམ་དུ་ཟ་བ་ཁོ་ན་ལས་བཟོ་བའི་འགན་འཁུར་གྱི་མེད། ཧ་ཧ་ཧ་་་”
         ནང་དུ་ཤ་འཇོག་པ་དང་གྲོ་ཕྱེ་ལེབ་ལེབ་བཟོ་བ། དགོད་སྒྲའི་ཁྲོད་ནས་དགེ་སློབ་ཚོས་ཕྱོགས་གཅིག་ནས་ཕན་ཚུན་རྩེ་མཚར་བརྗོད་པ་དང་ཕྱོགས་གཅིག་ནས་ལག་ནས་ཆུ་མོག་མགྱོགས་པོ་བཟོས་པས། ཆུ་ཚོད་གཅིག་ཀྱང་མ་འགོར་བར་བཟོ་ལྟ་འདྲ་མིན་སྣ་ཚོགས་ཀྱི་ཆུ་མོག་བརྒྱ་ཕྲག་ཁ་ཤས་ཁོག་མའི་ནང་དུ་བླུགས།

         ཆུ་མོག་ད་དུང་ཚོས་མེད་པའི་སྐབས་དང་བསྟུན་ནས། དགེ་སློབ་ཚོ་ལུས་རྩལ་ཐང་དུ་ཡོང་ནས་རོལ་དབྱངས་ཀྱི་འགྱུར་ཁུག་དང་བསྡོངས་ཏེ། ཚང་མར་རྒྱུས་མངའ་ཆེ་བའི་སྐོར་བྲོ་འཁྲབ་ཅིང་། ལྡེམ་མྱུར་གྱི་སྟངས་སྟབས་སྣ་ཚོགས་བཏོད། དེ་ལྟར་བྱིས་པ་ཚོས་ཞབས་བྲོ་དང་གླུ་གཞས་བཏང་ནས་ཕ་ཡུལ་གྱི་དྲན་གདུང་དང་མེས་རྒྱལ་ལ་བཅངས་པའི་དགའ་ཞེན། དེ་བཞིན་སློབ་གྲྭའི་བཀའ་དྲིན་མཚོན་པར་བྱས་པ་རེད།
         གནམ་གང་ལ་སྤྲོ་ཚོགས་འཚོགས་པ་དང་། ལྷན་འཛོམས་ཟ་མ་ཟ་བ་སོགས་སྲོལ་རྒྱུན་གྱི་བྱེད་སྒོའི་རྨང་གཞིའི་སྟེང་། ལོ་གསར་ཉིན་དང་པོར་དགེ་རྒན་ཚོས་བྱིས་པ་ཚོ་ཆིང་ཏའོ་ཧྥང་ཐེ་རྨི་ལམ་རོལ་རྩེད་གླིང་དུ་ཁྲིད་ནས་ཚན་རྩལ་ལས་བྱུང་བའི་མྱུར་ཚད་དང་སྤྲོ་སྐྱིད་ཉམས་སུ་མྱོང་རྒྱུ་ཡིན་པ་དང་། ཉིན་བཞི་པར་ལྔ་བཞིའི་ཐང་ཆེན་དང་། ཨའོ་ཧྥན་རྟེན་གཞི། གླིང་སྣེའི་རྒྱ་མཚོའི་འཇིག་རྟེན་བཅས་སུ་སོང་ནས་གྲུར་བསྡད་དེ་ཅའོ་ཀྲོའུ་མཚོ་ཁུག་ཏུ་ཡུལ་སྐོར་བྱེད་པ་དང་ཆིང་ཏའོ་ཡི་དྲོ་སྐྱིད་ཉམས་སུ་མྱོང་རྒྱུ་རེད། ཉིན་བརྒྱད་པར་མཚོ་འགྲམ་ལམ་གྱི་ཆིང་ཏའོ་ཧུང་ཅིང་ཁུལ་གསར་གྱི་ལྟེ་བའི་ཁུལ་དུ་བསྐྱོད་དེ་གསར་བརྗེའི་དཔེ་མཚོན་སློབ་གསོ་མྱོང་རྒྱུ་རེད།

         ད་ལོའི་མཐོ་གསུམ་གྱི་སློབ་མ་ཉི་བཟང་གིས་གསར་འགོད་པར་བརྗོད་དོན། “སློབ་གྲྭས་བཀོད་སྒྲིག་བྱས་པའི་ཆུ་མོག་བཟོ་བ་སོགས་ཀྱི་བྱེད་སྒོ་ལས་རང་ཉིད་ཀྱི་ཕ་ཡུལ་དྲན་པའི་གདུང་བ་ཇེ་ཆུང་དུ་གྱུར། ཁྱིམ་མི་དང་ལྷན་དུ་འཛོམས་མ་ཐུབ་མོད། འོན་ཀྱང་དབྱིབས་མི་འདྲ་བའི་ཆུ་མོག་ཟས་པ་དང་། རང་ལ་ཆེས་རྒྱུས་ཡོད་པའི་དགེ་རྒན་དང་སློབ་གྲོགས་མཉམ་དུ་འཛོམས་པས། ཁྱིམ་གྱི་ཚོར་བ་དེ་མྱོང་ཐུབ།”ཅེས་བཤད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1