བློ་མཐུན་ཞི་ཅིན་ཕིང་གི《མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་མཐའ་འཁྱོངས་བྱེད་རྒྱུའི་སྐོར་གླེང་བ》དཔེ་སྐྲུན་འགྲེམས་སྤེལ་བྱས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 02-07


        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི་བློ་མཐུན་ཞི་ཅིན་ཕིང་གི《མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་མཐའ་འཁྱོངས་བྱེད་རྒྱུའི་སྐོར་གླེང་བ》ཉེ་ཆར་ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ནས་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས་པ་རེད།
        ཆེད་དོན་རྩོམ་བསྡུས་དེའི་ནང་བློ་མཐུན་ཞི་ཅིན་ཕིང་གི་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་མཐའ་འཁྱོངས་བྱ་རྒྱུའི་སྐོར་གྱི་ཟིན་བྲིས་གལ་ཆེན་79ཡོད་པའི་ནང་གི་ཟིན་བྲིས་ཁག་གཅིག་ཡོངས་བསྒྲགས་འགྲེམས་སྤེལ་ཐོག་མར་བྱས་པ་རེད།
        སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ནི་ཀྲུང་ཧྭ་མི་རིགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་རྩ་བའི་ཇུས་ཆེན་ཞིག་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྔར་ན་མེད་པའི་ནུས་ཤུགས་བཏོན་ནས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་དམ་འཛིན་བྱས་ཏེ་བསམ་བློ་དང་། བཅའ་ཁྲིམས། སྒྲིག་སྲོལ། རྩ་འཛུགས། སྤྱོད་ཚུལ་བཅས་ཀྱི་ཐད་ཕྱོགས་ཡོངས་ནས་ཤུགས་བརྒྱབ་པ་དང་། ཕྱོགས་ཡོངས་དང་། ས་ཁོངས་ཧྲིལ་པོ། བརྒྱུད་རིམ་ཧྲིལ་པོ་བཅས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་པ། རྩ་བའི་རང་བཞིན་དང་། གསར་གཏོད་རང་བཞིན། ཕུགས་ཕན་རང་བཞིན་བཅས་ཀྱི་ལས་དོན་རབ་དང་རིམ་པ་སྤེལ་བ་བརྒྱུད་ཏང་ཡོངས་དང་རྒྱལ་ཡོངས་ཀྱིས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རང་རྟོགས་རང་བཞིན་དང་རང་འགུལ་རང་བཞིན་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་དང་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པར་གལ་ཆེའི་གོམ་སྟབས་ཆེན་པོ་ཞིག་སྤོས་ནས་རང་རྒྱལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ལོ་རྒྱུས་རང་བཞིན་དང་། ཁ་ཕྱོགས་བསྒྱུར་བའི་རང་བཞིན། ཁྱོན་ཡོངས་རང་བཞིན་བཅས་ཀྱི་འགྱུར་ལྡོག་བྱུང་ཡོད། རང་རྒྱལ་གྱིས་གོ་ལ་ཧྲིལ་པོའི་ཁོར་ཡུག་དང་གནམ་གཤིས་བཅོས་སྐྱོང་ནང་ཧུར་ཐག་ཞུགས་ནས་གོ་ལ་ཧྲིལ་པོའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ནང་ཞུགས་མཁན་དང་། ལེགས་སྐྱེས་འབུལ་མཁན། སྣེ་ཁྲིད་མཁན་བཅས་གལ་ཆེན་དུ་གྱུར་པ་དེ་ཐོག་ནས་འགན་འཁུར་མཁན་རྒྱལ་ཁབ་ཆེན་པོའི་འགན་འཁྲི་འཁུར་སེམས་མཚོན་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དུས་རབས་ཀྱི་རླབས་རྒྱུན་དང་མི་དམངས་ཀྱི་འདུན་པར་བསྟུན་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་འཐབ་ཇུས་ཀྱི་མཐོ་ཚད་ནས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་དམིགས་ཏེ་རྣམ་བཤད་གལ་ཆེན་རབ་དང་རིམ་པ་གནང་ཡོད་ལ་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་བྱེད་དོན་དང་། སྐྱེ་ཁམས་ཤེས་དཔལ་གང་འདྲ་ཞིག་འཛུགས་སྐྱོང་བྱེད་པ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ཇི་ལྟར་བྱེད་པ་སོགས་ཀྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་ལ་ལན་གཏིང་ཟབ་བསྐྱོན་ནས། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་དགོངས་པ་ཞིག་གྲུབ་ཡོད། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་དགོངས་པ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞིང་། དེར་སྔོ་ཞིང་དྭངས་བའི་རི་ཆུ་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་མཐའ་འཁྱོངས་དང་། ཐོན་སྐྱེད་འཕེལ་རྒྱས་དང་། འཚོ་བ་འབྱོར་ཕྱུག སྐྱེ་ཁམས་བཟང་པོ་བཅས་ཀྱི་ཤེས་དཔལ་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་པ། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ཧུར་ཐག་བྱེད་པ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་རྒྱལ་ཁ་གསར་པ་ལེན་པ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ་བཅས་ལ་མཛུབ་ཁྲིད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1