སི་ཁྲོན་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ལ་གསོན་ཤུགས་རྒྱས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 02-08


        དགུན་ཁ་སླེབས་པའི་ཚུན། སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་རང་སྐྱོང་ཁུལ་མཛོད་དགེ་རྫོང་རྨེ་ཆུ་ཤང་དུ་ཞི་པོ་ལི་ཡ་ལྷོ་རྒྱུད་ཀྱི་ངང་དཀར་ཆེན་མོའི་ཁྱུ་ཚོགས་སླེབས་པ་དང་། ངང་དཀར་དེ་དག་མཛོད་དགེ་གཙང་བོ་དང་བརླན་ས་ནས་དུས་ཡུན་ཟླ4རིང་གི་དགུན་སྒྲོལ་བྱ་རྒྱུ་དང་། མཐོ་སྒང་གི“ངང་དཀར་མཚེའུ”དེ་མཛོད་དགེ་དགུན་དུས་ཀྱི་ཐོན་མོང་མ་ཡིན་པའི་མཛེས་ལྗོངས་ཤིག་ཏུ་གྲུབ་ཡོད།

        “ངང་དཀར་མཚེའུ”ནི་མཛོད་དགེ་རྫོང་གིས་ཉེ་བའི་ལོ་འགའི་རིང་ལ་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་བཅོས་སྐྱོང་དང་སྲུང་སྐྱོབ་བྱས་པའི་རྣམ་པ་ཞིག་ཡིན་ལ། རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་ཁུངས་གསོ་སྐྱོང་ཁུལ་ཡིན་པའི་ངོས་ནས། མཛོད་དགེ་རྫོང་གིས་རྒྱུན་མཐུད་ངང་བྱེ་འགྱུར་དང་ས་ནག་ཐང་གི་བཅོས་སྐྱོང་ལ་ཤུགས་བསྣན་ཏེ། ཕྱུགས་འགོག་དང་རེས་སྐོར་ནས་ཕྱུགས་འཚོ་བ་སོགས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་བཅོས་སྐྱོང་རབ་དང་རིམ་པ་ལག་བསྟར་བྱས་པ་བརྒྱུད། མཐོ་སྒང་གི་བརླན་ས་དེ་དུས་བྱ་ཡི་དགུན་སྒྲོལ་གནས་དང་འཚོ་སྡོད་བྱ་ཡུལ་དུ་གྱུར་ཡོད།

        རྨ་ཆུའི་སྲུང་སྐྱོབ་དང་འཕེལ་རྒྱས་ནི་ད་ལོའི་ཀྲུང་གོའི་ས་ཁུལ་སོ་སོའི་ཚོགས་ཆེན་གཉིས་ཀྱི་ཐོག་ཐུགས་ཁུར་མཛད་པའི་བརྗོད་དོན་གཙོ་བོ་ཡིན་ལ། “རྨ་ཆུ”ཞེས་པའི་ཐ་སྙད་དེ་ཧེ་ནན་དང་ཉིང་ཞ། སི་ཁྲོན་སོགས་ཀྱི་སྲིད་གཞུང་གི་ལས་དོན་སྙན་ཞུ་ནང་བརྗོད་ཡོད། 2022ལོའི་སི་ཁྲོན་ཞིང་ཆེན་སྲིད་གཞུང་ལས་དོན་སྙན་ཞུ་ལྟར་ན། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། རྨ་ཆུའི་ཆུ་གཞུང་གི་ཆུ་ཁའི་བསླད་སྐྱོན་འཕྲལ་བསྟུན་ཐག་གཅོད་དང་དེ་བཞིན་ཆུ་ལོག་བཅོས་སྐྱོང་བྱེད་པ། ཆུ་ཁུངས་གསོ་སྐྱོང་ཁུལ་གྱི་ནུས་པ་ཆེ་རུ་གཏོང་བ། མཛོད་དགེ་རྒྱལ་ཁབ་སྤྱི་གླིང་མགྱོགས་མྱུར་ངང་བསྐྲུན་པ་བཅས་བྱ་རྒྱུ་ནི་ད་ལོ་སི་ཁྲོན་ཞིང་ཆེན་གྱིས་སྐྱེ་ཁམས་མ་ལག་སྲུང་སྐྱོང་དང་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ནང་དོན་གཙོ་བོའི་གྲས་སུ་གྱུར་ཡོད།

        2011ལོའི་ཟླ10བར། 《རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འཆར་འགོད་རྩ་གནད》ཁྱབ་བསྒྲགས་བྱས་པ་དང་། དེའི་ནང་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་ཁུངས་གསོ་སྐྱོང་ཁུལ་གྱི་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ཐད“ཀྲུང་ཧྭའི་ཆུ་མཛོད”བརྟན་པོ་བསྐྲུན་པ་དང་ཆུ་ཁུངས་མཁོ་སྤྲོད་བྱ་ཡུལ་གཙོ་བོར་སྲུང་སྐྱོང་བྱེད་པ། གཙོ་གནད་ས་ཁོངས་ཀྱི་ཐང་རྒོད་ཅན་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱི་བསམ་ཚུལ་བཏོན་ཡོད།

        སི་ཁྲོན་གྱིས་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་བསྐྲུན་ནས་རྒྱལ་ཁབ་དང་མངའ་ཁོངས་ཀྱི་སྐྱེ་ཁམས་བདེ་འཇགས་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བྱེད་པར་གནས་བབ་གལ་ཆེན་དུ་བཟུང་ཡོད་པས། ད་ལོའི་སི་ཁྲོན་གྱི་ཚོགས་ཆེན་གཉིས་ཀྱི་ཐོག་དམངས་གཙོ་ཡར་སྐུལ་ཚོགས་པ་སི་ཁྲོན་ཞིང་ཆེན་ཨུ་ལྷན་གྱིས《སི་ཁྲོན་གྱི་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་གྲོས་མགོ》བཏོན་ཞིང་། དེའི་ནང་སི་ཁྲོན་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་རྨང་གཞིའི་སྒྲིག་བཀོད་རིམ་སྤོར་དང་། ཆུའི་བདེ་འཇགས་འགན་ལེན་ནུས་པར་ཤུགས་སྣོན། སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་འཛིན་ནུས་པ་ཆེར་གཏོང་། སྲུང་སྐྱོང་དང་འཕེལ་རྒྱས་ཀྱི་འགལ་བ་སེལ་རྒྱུ་བཅས་ཀྱི་གྲོས་མགོ་བཏོན་ཡོད།

        2021ལོའི་ཟླ6པར། དམངས་གཙོ་ཡར་སྐུལ་ཚོགས་པ་སི་ཁྲོན་ཞིང་ཆེན་ཨུ་ལྷན་གྱིས་ཆེད་གཏོང་འཛིན་གྲྭ་རྩ་འཛུགས་བྱས་ཏེ། རྔ་བ་ཁུལ་རྔ་བ་རྫོང་དང་། ཧུང་ཡོན་རྫོང་། མཛོད་དགེ་རྫོང་། ཟུང་ཆུ་རྫོང་སོགས་རྨ་ཆུའི་འབབ་རྒྱུད་དུ་རྟོག་ཞིབ་བྱས་པར་བསྐྱོད་སྐབས། འབབ་རྒྱུད་དེའི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དམིགས་ཚད་སྔར་བཞིན་འགྲན་སློང་ཆེན་པོར་འཕྲད་ཡོད་པ་དང་། རྨ་ཆུའི་བཅོས་སྐྱོང་དང་འཕེལ་རྒྱས་ལ་མི་རབས་འགའ་ཡིས་འབད་བརྩོན་བྱེད་དགོས་པ་རྟོགས་ཡོད།

        སི་ཁྲོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་ལི་ལུང་ཆིང་གིས་བསམ་འཆར་ནང་། མིག་སྔའི་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་བཅོས་སྐྱོང་དང་སྲུང་སྐྱོབ་ཐད། སྐྱེ་ཁམས་སྲུང་སྐྱོབ་བཅོས་སྐྱོང་ལམ་སྲོལ་སྒྲིག་བཀོད་འཐུས་ཚང་མིན་པ། ད་ཡོད་མ་དངུལ་གཏོང་ཚད་དང་རྣམ་གྲངས་རྒྱབ་སྐྱོར་བྱེད་ཤུགས་དེས་སྐྱེ་ཁམས་སྲུང་སྐྱོབ་བཅོས་སྐྱོང་གི་གནས་བབ་དགོས་མཁོ་དང་མི་མཐུན་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་བར་སྟོང་ལ་ཚད་བཀག་ལྡན་པ། ཡུལ་སྐོར་དང་འགྲིམ་འགྲུལ། ཐོན་ལས་སོགས་ཀྱིས་རྣམ་གྲངས་གལ་ཆེན་ལག་བསྟར་བྱ་རྒྱུའི་དཀའ་གནད་དང་ཐུག་ཡོད་ཅེས་བསྟན།

        དེར་བརྟེན། ལི་ལུང་ཆིང་གིས་སྐྱེ་ཁམས་སྲུང་སྐྱོང་བཅོས་སྐྱོང་དང་དམངས་འཚོའི་ཐབས་ཇུས་དེ་སྤྱི་འདོམས་ལག་བསྟར་བྱེད་པའི་ནང་བཅུག་ནས། རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོང་གི་བྱ་དགའ་དང་ཁ་གསབ་སྲིད་ཇུས་ཀྱི་ཚད་གཞི་མཐོ་རུ་གཏོང་དགོས་པ་དང་། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས། མཛོད་དགེ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་སོགས་འཐབ་ཇུས་གལ་ཆེན་གྱི་གོ་སྐབས་དམ་འཛིན་བྱས་ཏེ། ས་ཆུ་ཤོར་བའི་བཅོས་སྐྱོང་དང་འབབ་རྒྱུད་ཀྱི་བཅོས་སྐྱོང་སླར་གསོ་སོགས་ཀྱི་རྣམ་གྲངས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས་ཤིང་། ཚན་རིག་དང་མཐུན་པའི་སྒོ་ནས་སྐྱེ་ཁམས་དམར་ཐིག་དབྱེ་འབྱེད་ལུགས་མཐུན་བྱས་ནས། རྨ་ཆུའི་འབབ་རྒྱུད་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། གྲོང་རྡལ་ཅན་ལ་སྐུལ་འདེད། ཐོན་ལས་འཕེལ་རྒྱས་སོགས་ལ་བར་སྟོང་འདང་ངེས་འཇོག་པ་བཅས་བྱེད་དགོས་པར་བསྟན། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1