བོད་བྱང་ཐང་གི་ས་མཐོར་རྡོ་ཆས་ཁུལ་མང་པོ་གསར་དུ་རྙེད་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 02-09



གནམ་མཚོའི་མཐའ་འཁོར་གྱི་ཚན་རིག་རྟོག་ཞིབ། ལེའུ་ལྔ་པ།
བོད་བྱང་ཐང་གི་ས་མཐོར་རྡོ་ཆས་ཁུལ་མང་པོ་གསར་དུ་རྙེད་པ།

 

     གནམ་མཚོའི་མཚོ་སྐོར་ཚན་རིག་རྟོག་ཞིབ་ཁྲོད་ཚན་ཞིབ་རུ་མིས་བོད་བྱང་ཐང་གི་ཉི་མ་རྫོང་དང་ཤན་རྩ་རྫོང་ནས་རྡོ་ཆས་ཁུལ་གསུམ་རྙེད་པ་དང་། ས་ངོས་ནས་རྡོ་བཟོས་ཐོན་རྫས་100ལྷག་ཙམ་འཚོལ་བསྡུ་བྱས་ཡོད། དེའི་ནང་རྡོ་སྙིང་དང་། རྡོ་ལེབ། རྡོ་ལོ། གཞོག་གཏུབ་ཡོ་བྱད། རྩེ་དབྱིབས་ཡོ་བྱད་སོགས་ཚུད་ཡོད་པས་བོད་བྱང་ཐང་ས་ཁུལ་གྱི་རྡོ་ཆས་དུས་རབས་ལ་ཞིབ་འཇུག་བྱ་རྒྱུར་དངོས་གཟུགས་ཀྱི་རྒྱུ་ཆ་མཁོ་འདོན་བྱས་ཡོད་པ་རེད།

     དྭངས་ར་གཡུ་མཚོའི་འགྲམ་གྱི་ལམ་ཆུང་བརྒྱུད་ནས་སྐྱོད་སྐབས། ཐག་རིང་གི་སྟག་མགོ་གངས་རི་བརྗིད་ཉམས་ཆེ་ལ། རི་བོ་དང་མཚོ་མོ་ཕན་ཚུན་མཛེས་སྡུག་ལྡན་པར་གནས་ཡོད། ཉི་མ་རྫོང་སྟག་མགོ་ཤང་གི་བཅའ་སྡོད་བྱ་ཡུལ་དང་བར་ཐག་སྤྱི་ལེ་ཁ་ཤས་ཡོད་པའི་སར་ཚན་ཞིབ་རུ་མིས་རླངས་འཁོར་ཁ་བཀག་སྟེ་ངལ་གསོ་སྐབས་ལམ་འགྲམ་གྱི་སྤང་སྟེང་ནས་རྡོ་ཆས་རྙེད་ཡོད་པ་རེད།


     ཀྲང་ཅན་ལིན། ཀྲུང་གོ་བྲག་རིས་སློབ་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ནུབ་བྱང་སློབ་ཆེན་རིག་གནས་ཤུལ་བཞག་སློབ་གླིང་གི་དམིགས་བསལ་གདན་ཞུས་དགེ་རྒན་ཆེ་མོ་བ།

      ཐང་ཧུའེ་ཧྲེང་། ཧོ་པེ་དགེ་འོས་སློབ་ཆེན་ལོ་རྒྱུས་རིག་གནས་སློབ་གླིང་གི་གནའ་རྫས་རྟོག་ཞིབ་ཚན་ཁག་གི་དགེ་རྒན་ཆེ་མོ་བ། རྒྱལ་སྤྱིའི་བྲག་རིས་དུས་ཆད་ལྟེ་གནས་ཀྱི་ཀྲུའུ་རེན།

     ལི་ཡུང་ཤན། ཀྲུང་གོའི་བྲག་རིས་སློབ་ཚོགས་ཀྱི་ཚོགས་གཙོ་གཞོན་པ། སི་ཁྲོན་སློབ་ཆེན་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ཁང་གི་དགེ་རྒན་ཆེ་མོ་བ།

     ཀྲང་ཅན་ལིན། འདི་དེ་རང་རེད། རྡོ་འདིར་ལྤགས་པ་ཡོད་པས། ལྤགས་པ་བཤུས་རྗེས་ཐད་ཀར་གཞོག་གཏུབ་ཡོ་ཆས་བཟོ་ཆོག རྡོའི་རྣོ་ནི་མིས་བཟོས་པ་ཞིག་རེད།

     ཐང་ཧའེ་ཧྲེང་། འདི་ནི་ཚད་ལྡན་གྱི་རྡོ་ཆས་རེད། གཞོགས་རྣམས་བཟོ་བཅོས་བརྒྱབ་འདུག འདི་ནི་རྡོ་ལེབ་བཟོ་བཅོས་བརྒྱབ་པའི་རྡོ་ཆས་རེད།

     ཀྲང་ཅན་ལིན། རྡོ་ལེབ་གཅིག་གི་ལྤགས་པ་བཤུས་ཡོད་པས། དེ་ནི་ཉ་ལྕིབས་དང་འདྲ་བས་ང་ཚོས་ཕྱེད་སྙུང་གཟུགས་ཞེས་ཟེར་གྱི་ཡོད། དཔེ་མཚོན་རང་བཞིན་གྱི་རྡོ་སྙིང་ཞིག་ཡིན་པ་དང་འདིར་སྟེགས་ངོས་ཟེར་གྱི་ཡོད།
     མཚོ་འཕགས་སྨི་4680ཟིན་པའི་བྱང་རྩྭ་ཐང་གི་ན་སྒང་ཐང་དཀར་རྡོ་ཆས་ཁུལ་དུ། ཀྲང་ཅན་ལིན་དང་། ལི་ཡུང་ཤན། ཐང་ཧུའེ་ཧྲེང་བཅས་གསུམ་པོས་མཚོ་བོད་ས་མཐོར་ཡི་གེ་མ་བྱུང་གོང་གི་གནའ་རྫས་ལ་རྟོག་ཞིབ་བྱས་ནས་ལོ་སུམ་ཅུ་བཞི་བཅུ་ལྷག་ཙམ་སོང་བའི་དགེ་རྒན་ཆེ་མོ་བས་སྤྲོ་བ་རབ་ཏུ་འཕེལ་བའི་ངང་ཚང་མ་དང་མཉམ་དུ་རྡོ་ཆས་འཚོལ་བསྡུ་བྱེད་བཞིན་ཡོད། རྡོ་བཟོས་དངོས་གཟུགས45དེ་དག་ནང་རྡོ་ལེབ་དང་། རྡོ་སྙིང་། གཞོག་གཏུབ་ཡོ་བྱད་སོགས་ཚུད་ཡོད། རྡོའི་རྒྱུ་ཆ་གཙོ་བོ་སྭེལ་རྫས་ནག་པོའི་བྲག་རྡོ་ཡིན་པ་རེད།

    དཔེ་མཚོན་ཅན་གྱི་རྡོ་སྙིང་ཡང་བྱུང་ཡོད་དེ། དཔེར་ན་ཁྱིའུ་དབྱིབས་རྡོ་སྙིང་ལྟ་བུ་རེད། 

     གསར་འགོད་པ། རྡོ་འདིའི་ལོ་རབས་ཚོད་དཔག་བྱེད་ཐུབ་བམ། 

     ཀྲང་ཅན་ལིན། ལོ་རབས་ཚོད་དཔག་བྱེད་ཁག་པོ་རེད། ང་ཚོས་བོད་བྱང་ཐང་ས་ཁུལ་གྱི་རྡོ་ཆས་ཐད་ལ་ད་ལྟ་ད་དུང་ལོ་རབས་འདིའི་ཚད་གཞི་མེད། ང་ཚོས་ཁྱབ་ཚུལ་ཐད་ནག་ཆུ་ནས་མངའ་རིས་བར་རྡོ་ཆས་ཞིབ་བཟོ་བྱས་པ་ཧ་ཅང་མང་པོ་རྙེད་བྱུང་།

      ན་སྒང་ཐང་དཀར་རྡོ་ཆས་ཁུལ་ནི་དྭངས་ར་གཡུ་མཚོ་མཐའ་འཁོར་དུ་རྙེད་པའི་རྡོ་ཆས་ཀྱི་ས་ཆ་ཐོག་མ་དེ་རེད། ས་མཐོའི་མཚེའུའི་ཁུལ་གྱི་ཆ་སྙོམས་མཚོ་འཕགས་སྨི་4500ཡན་ཟིན་པའི་གནམ་མཚོ་དང་། སེར་གླིང་མཚོ། དངས་རྭ་གཡུ་མཚོ་བཅས་གསུམ་གྱི་འགྲམ་ནས་རྡོ་ཆས་རྙེད་པས་བོད་ནུབ་བྱང་རྒྱུད་ཀྱི་སྐམ་སའི་དབུས་ཁུལ་མཚེའུ་གཙོ་བོ་བྱས་པའི་མཚོ་འཕགས་མཐོ་བའི་ས་ཁོངས་སུ་སྔ་དུས་མིའི་རིགས་ཀྱི་བྱེད་སྒོ་སྤེལ་མྱོང་བ་ར་སྤྲོད་ཐུབ་ཡོད་པ་རེད།

     ལི་ཡུང་ཤན། ད་བར་མཚོ་བོད་ས་མཐོར་རྙེད་པའི་རྡོ་ཆས་རྙིང་པའི་དུས་མཇུག་ཁོངས་སུ་གཏོགས་པའི་མཚོ་འཕགས་ཧ་ཅང་མཐོ་པོ་ཡོད། མང་ཆེ་བ་ཧ་ལམ་སྨི་བཞི་སྟོང་ལྔ་བརྒྱ་ཡན་ཟིན་གྱི་ཡོད། དེར་བརྟེན་དུས་སྐབས་འདིར་རྡོ་ཆས་གསར་པའི་དུས་རབས་དང་དེ་ལས་ཕྱི་བའི་དུས་སྐབས་སུ་ས་མཐོར་བྲག་རིས་དང་། རྡོ་གྲུབ་རྗེས་ཤུལ། བང་སོ། རྡོ་ཆས་ཁུལ་སོགས་གནའ་ཤུལ་མང་པོ་དེ་འདྲ་ཡོད་པས་སྔ་དུས་ཀྱི་མིའི་རིགས་དང་འབྲེལ་བ་གང་འདྲ་ཞིག་ཡོད་མེད་ཐད་ང་ཚོར་ཞིབ་འཇུག་བྱ་གཞི་གསར་པ་ཞིག་རྙེད་པ་དང་། ང་ཚོས་ལོ་རྒྱུས་དུས་སྐབས་གོང་གི་ས་མཐོའི་མིའི་རིགས་ཀྱི་འཚོ་གནས་ལ་དོ་ཁུར་དེ་བས་མང་བ་བྱེད་ཀྱི་ཡོད།

     ཐང་ཧུའེ་ཧྲེང་། གཞོགས་འདི་སྙོམས་པོ་ཡོད་པ་དང་། གཞོགས་འདིར་རྣོ་གཉིས་འདུག འདི་ནི་དཔེ་མཚོན་གྱི་རྡོ་ལོ་རེད། འདི་ནི་རྡོ་ལོའི་གཞོག་གཏུབ་ཡོ་བྱད་དམ་ཡང་ན་རྡོ་ལོའི་རྣོ་ དབྱིབས་ཀྱི་ཡོ་ཆས་ཚད་ལྡན་ཞིག་རེད། རྡོ་ལོ་ནི་རུས་པ་དང་ཤིང་གི་རྩེར་བསྒར་ནས་གྲིའི་ཚབ་བྱས་ནས་ལྤགས་པ་བཤུ་བའམ་ཤ་གཏུབ་པ་སོགས་བྱེད་ཀྱི་ཡོད།

      ཉི་མ་རྫོང་གི་ཞ་སང་རྡོ་ཆས་ཀྱི་ཁུལ་དུ་ཚན་ཞིབ་རུ་མིས་ཁྱོན་རྡོ་བཟོས་ཐོན་རྫས་54འཚོལ་བསྡུ་བྱས་པ་རེད། དེའི་ནང་མེ་རྡོའི་རྒྱུ་ཆ་བྱས་ཏེ་བཟོས་པའི་ཞ་སྨྱུག་གི་རྩེ་མོའི་དབྱིབས་ཀྱི་ཞིབ་བཟོས་རྡོ་སྙིང་ནི་རྩེ་གྲ་དེ་རེད།

     ལི་ཡུང་ཤན། ལག་ཆ་དེ་རིགས་ནི་འགྲུལ་བཞུད་མི་ཚོགས་ཀྱིས་ཉར་ཚགས་བྱ་རྒྱུར་འཚམ་པོ་ཡོད། མཚོ་བོད་ས་མཐོའི་རྡོ་ཆས་གསར་པའི་དུས་རབས་ཧྲིལ་པོར་ཞིབ་བཟོས་རྡོ་ཆས་དེ་ཐོག་མཐའ་བར་གསུམ་དུ་སྤྱོད་ཀྱི་ཡོད།

      ཞིབ་བཟོས་རྡོ་ཆས་ནི་རྡོ་ཆས་རྙིང་པའི་དུས་མཇུག་ཏུ་ཐོན་པའི་མཉམ་འདུས་ཡོ་བྱད་ཀྱི་ལག་རྩལ་གསར་པ་ཞིག་ཡིན། ཀྲུང་གོའི་ཚན་རིག་མཁས་ཅན་གྱིས་བོད་ནས་ཞིབ་བཟོས་རྡོ་ཆས་འཚོལ་བསྡུ་བྱ་རྒྱུ་སྤྱི་ལོ་1956ལོ་ནས་འགོ་ཚུགས་པ་དང་ད་ཆ་བོད་ནས་རྙེད་པའི་ཞིབ་བཟོས་རྡོ་ཆས་ཁུལ་100ལྷག་ཙམ་ཡོད་པ་དེས་མཚོ་བོད་ས་མཐོའི་མཚོ་འཕགས་མཐོ་བའི་ཁུལ་གྱི་ཡི་གེ་མ་བྱུང་གོང་གི་ལོ་རྒྱུས་རིག་གནས་ལ་ཞིབ་འཇུག་བྱ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1