ལོ་གསར་སྐབས་སུ་ང་རང་ལས་གནས་སུ་ཡོད།

ཚེ་རིང་ལྷ་མོ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་བའི་བོད་སྐད་བརྙན་འཕྲིན། སྤེལ་དུས། 02-09



      གནམ་ལོ་གསར་ཚེས་ནི་འདུ་འཛོམས་དང་སྤྲོ་ཚོགས་ཀྱི་དུས་སྟོན་ཞིག་ཡིན་མོད། འོན་ཀྱང་མི་འགའ་རེས་སྔར་བཞིན་ལས་གནས་བསྲུང་ནས་བསྡད་ཡོད། ཁོ་ཚོས་རང་ཉིད་ཀྱི་ཁྱིམ་ཆུང་འགྲམ་ལ་བསྐྱུར་ནས་ཐུན་མོང་གི་ཁྱིམ་ཆེན་སྐྱོང་བཞིན་ཡོད། ཁོ་ཚོས་རང་གི་ནུས་པར་བརྟེན་ནས་འུ་ཅག་གི་བདེ་སྐྱིད་ཀྱི་འཚོ་བ་འགེབས་སྲུང་བྱེད་བཞིན་ཡོད། 

རིམས་ནད་སྔོན་འགོག་བྱས་ཏེ་དམངས་ཀྱི་བདེ་ཐང་སྲུང་། 

      ལིས་རྫོང་གི་ཡུལ་ཚོ་དང་གྲོང་རྡལ་ཁག་གིས་ནུས་ཤུགས་ཡོད་རྒུས་རིམས་ནད་འགོག་སྲུང་གི་ལས་དོན་ཡག་པོ་སྒྲུབ་པ་དང་། ལས་རེས་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ཏེ། གྲོང་གསེབ་ཀྱི་རིམས་ནད་འགོག་སྲུང་ས་ཚིགས་དང་། ཆང་ཁང་། བསྲེགས་ཟས་སོགས་ལ་ལྟ་སྐུལ་དོ་དམ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་རིམས་ནད་འགོག་སྲུང་གི་འགན་འཁྲིའི་ཞིབ་ཕྲའི་ལས་དོན་ཐོག་དོན་འཁྱོལ་བྱེད་པ་དང་། རྫོང་གི་འཕྲོད་བསྟེན་མ་ལག་གིས་རིམས་ནད་སྔོན་འགོག་ཚོད་འཛིན་དང་ལྟ་སྐུལ་མཛུབ་ཁྲིད་ནན་མོ་བྱས་ནས་ཆང་ཁང་དང་། སྒོ་རྩིས་ཚོང་ཁང་ཆེ་གྲས། མཛེས་ལྗོངས་ཁུལ་སོགས་གཙོ་གནད་ཁུལ་དུ་རིམས་ནད་འགོག་སྲུང་གི་མཛུབ་སྟོན་གང་ལེགས་བྱས།

ཁ་བ་ཕྱགས་ནས་གཞུང་ལམ་ཤར་བསྐྱོད་ལ་འགན་ལེན་བྱས།

      ཉེ་ཆར། ཆུ་ཆེན་རྫོང་གི་ས་གནས་ཁག་ཏུ་ཁ་བ་བབས་པས་ལམ་ངོས་སུ་དར་ཆགས་ཡོད། མང་ཚོགས་ཀྱི་འགྲུལ་བཞུད་བདེ་འཇགས་འགན་ལེན་བྱ་ཆེད། ཡུལ་ཚོ་དང་གྲོང་རྡལ་ཁག་གིས་འཕྲལ་མྱུར་ཁ་བ་ཕྱགས་པ་དང་དར་སེལ་མཁོ་བསྟུན་སྔོན་ཇུས་ལག་བསྟར་བྱས་ནས། ལས་ཁུངས་དང་གྲོང་སྡེའི་ཏང་ཡོན་ལས་བྱེད་པ། དང་བླངས་པ་བཅས་སྒྲིག་འཛུགས་བྱས་ཏེ་འཕྲལ་མར་ཁ་བ་ཕྱགས་པ་དང་དར་སེལ་བའི་ལས་དོན་སྤེལ་ནས་རྒྱ་ཆེའི་མང་ཚོགས་ཀྱི་འགྲོ་སྐྱོད་བདེ་འཇགས་འགན་ལེན་བྱས་པ་རེད།

ཁོར་ཡུག་གཙང་སྦྲ་བྱས་ནས་ལོ་གསར་སྐྱིད་པོ་རོལ།

      བཙན་ལྷ་རྫོང་གི་ཁོར་ཡུག་སྲུང་སྐྱོང་གི་ལས་བཟོ་བ་80ལྷག་ཙམ་གྱིས་གུང་གསེང་གི་དུས་ཚོད་ལ་ཡང་ལས་གནས་བརྟན་སྲུང་བྱས་ནས་རང་ནུས་ཡོད་དགུས་གྲོང་ཁྱེར་གྱི་གཙང་སྦྲ་ལ་ཧུར་ཐག་བྱས་ཏེ་རྒྱ་ཆེའི་གྲོང་མི་ཚོར་དྭངས་གཙང་འཆམ་མཐུན་གྱི་དཔྱིད་གསར་དུས་སྟོན་ཞིག་རོལ་དུ་བཅུག་པ་རེད།

སྐོར་ཞིབ་ནན་མོ་བྱས་ནས་གྲོང་སྡེའི་བདེ་འཇགས་སྲུང་།

      གནམ་གང་གི་དགོང་མོར། ལིས་རྫོང་གི་ཡུལ་ཚོ་དང་གྲོང་རྡལ་སོ་སོས་སྡེ་བའི་ལས་བྱེད་པ་དང་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ། ཆེད་ལས་མེ་གསོད་རུ་ཁག ཡུལ་དམག་སོགས་རྩ་འཛུགས་བྱས་ཏེ། མེ་ཟོན་དང་རིམས་འགོག་ས་ཚིགས་སོགས་ས་ཁོངས་གལ་ཆེན་ལ་རྒྱུན་ཆད་མེད་པར་སྐོར་ཞིབ་བྱས་ནས་མངོན་མེད་ཀྱི་རྐྱེན་ངན་སྣ་ཚོགས་དུས་ཐོག་ཏུ་ཤེས་རྟོགས་ཐུབ་པ་དང་མང་ཚོགས་ཀྱི་ཉེན་ཟོན་གྱི་འདུ་ཤེས་ཁྱོན་ཡོངས་ནས་མཐོ་རུ་བཏང་སྟེ་ཁོངས་གཏོགས་ཁུལ་གྱི་མང་ཚོགས་རྣམས་བདེ་ཞིང་སྐྱིད་པའི་ངང་གནམ་ལོ་གསར་བ་ཞིག་སྐྱེལ་ཐུབ་པར་འགན་ལེན་བྱས་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1