“དཔྱིད་གསར་སྐྱེལ་འདྲེན་རིང་ང་ཚོ་ལས་གནས་སུ་ཡོད་པས་འགྲུལ་པ་རྣམས་ཐུགས་བློ་བདེ་པོ་གནང”

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།བོད་ལྗོངས་ཉིན་རེའི་ཚགས་པར། སྤེལ་དུས། 02-10



ལྷོ་ཁ་གྲོང་ཁྱེར་གྱི་སྐྱེལ་འདྲེན་སྡེ་ཚན་གྱིས་ནུས་ཤུགས་ཡོད་རྒུས་དཔྱིད་གསར་སྐྱེལ་འདྲེན་གྱི་བདེ་འཇགས་འགན་ལེན་བྱས་པའི་སྐོར་བཀོད་པ།
            ཉེ་དུས་གསར་འགོད་པས་ལྷོ་ཁ་མེ་འཁོར་བབས་ཚུགས་ནས་མཐོང་བར། བབས་ཚུགས་ཀྱི་འཛུལ་སྒོར་དམར་ཕྱིའི་འོད་ཀྱི་ཚ་བ་ལྟ་ཆས་སྒྲིག་སྦྱོར་བྱས་ཡོད་པས། བབས་ཚུགས་སུ་སྐྱོད་མཁན་འགྲུལ་པ་མི་རེ་ངོ་རེའི་ཚ་བ་སྐབས་ཐོག་ཏུ་ལྟ་ཐུབ། དེ་དང་དུས་མཚུངས། དཔྱིད་གསར་སྐྱེལ་འདྲེན་གྱི་ལས་གནས་བརྟན་པོར་སྲུང་མཁན་ལས་དོན་མི་སྣས་རིག་ནུས་ཁ་པར་ནས“ཨང་རྟགས་གཉིས”མཁོ་འདོན་བྱེད་ཐབས་བྲལ་བའི་འགྲུལ་པར་ངང་རྒྱུད་རིང་པོས་འབྲེལ་ཡོད་སྒྲིག་ཆས་ནས་བདེ་ཐང་ཆ་འཕྲིན་ཐོ་འགོད་བྱེད་པར་ཁྲིད་སྟོན་དང་། ནོར་འཁྲུལ་མེད་པ་ངོས་འཛིན་བྱས་རྗེས་གཞི་ནས་མེ་འཁོར་གྱི་ནང་དུ་གཏོང་གི་ཡོད།
            མེ་འཁོར་བབས་ཚུགས་སུ་སྐྱོད་སྐབས། མེ་འཁོར་སྒུག་ཁང་དུ་རྒྱང་བསྒྲགས་ནས་རིམས་འགོག་སྐོར་བར་མཚམས་མེད་པར་གཏོང་བ་དང་། སྤ་སེ་འཚོང་སའི་ཚོམས་ཆེན་དུ་སྒྲིག་ལམ་ཡག་པོ་ཡོད་པ། བང་རིང་པོ་སྒྲིག་པའི་སྣང་ཚུལ་མཐོང་རྒྱུ་མེད་པར་འགྲུལ་པ་རྣམས་ཀྱིས་སྤ་སེ་དེ་རང་དུ་ཉོས་ནས་ལམ་སེང་ཐོན་ཆོག་གི་ཡོད།
            དཔྱིད་གསར་དུས་ཆེན་གྱི་སྔ་རྗེས་གཉིས་ནི་ལྕཌ་ལམ་སྡེ་ཚན་གྱི་ལས་ཀ་བྲེལ་བ་ཚ་ཤོས་ཀྱི་དུས་ཤིག་རེད། ལྷོ་ཁ་མེ་འཁོར་བབས་ཚུགས་ཀྱི་འགྲུལ་སྐྱེལ་བ་ཝང་ཡུས་ལུང་གིས་དཔྱིད་གསར་སྐྱེལ་འདྲེན་འགོ་ཚུགས་པ་ནས་བཟུང་། ལྷོ་ཁ་མེ་འཁོར་བབས་ཚུགས་ཀྱིས་སྔོན་ཚུད་ནས་ཇུས་འགོད་བྱས་ཏེ“བདེ་འཇགས་ཀྱི་འགག་སྒོ”ནན་དུ་བཏང་བ་དང་། སྡོད་བྱའི་མི་སྣ་བཀོད་སྒྲིག་ལུགས་མཐུན་བྱས་པ། དཔྱིད་གསར་སྐྱེལ་འདྲེན་གྱི་ལས་གནས་བརྟན་པོར་སྲུང་བ། སྐྱེལ་འདྲེན་བདེ་འཇགས་ཀྱི་འབྱུང་རྩ་ནན་པོས་སྲུང་བ་བཅས་བྱས་ནས་བདེ་འཇགས་ཐོན་སྐྱེད་ཀྱི་དོ་དམ་ལས་དོན་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ཡོད་ཅེས་ངོ་སྤྲོད་བྱས།
            དེ་དང་དུས་མཚུངས། ལྷོ་ཁ་མེ་འཁོར་བབས་ཚུགས་ཀྱིས་ད་དུང་2022ལོའི་དཔྱིད་གསར་སྐྱེལ་འདྲེན་ལས་དོན་དང“མཁའ་ལམ་གྱི་སྐལ་བཟང་མེ་ཏོག”གི་སྤུས་རྟགས་ཞབས་ཞུའི་བྱེད་སྒོ་སྤེལ་འགོ་བཙུགས་ཤིང་། བྱེད་སྒོར“མཁའ་ལམ་གྱི་སྐལ་བཟང་མེ་ཏོག”ཞབས་ཞུའི་རུ་ཁག་གིས་སྡོད་བྱ་རེས་མོས་བྱས་ཏེ་མེ་འཁོར་སྒུག་ཁང་དུ་འགྲུལ་པར་རིམས་འགོག་ཤེས་བྱ་གསལ་བཤད་དང་དྲིལ་བསྒྲགས་བྱས་ཁར། འགྲུལ་བཞུད་ཀྱི་བློ་འདྲི་དང་ལེན་དང་། མེ་འཁོར་སྒུག་པའི་ཁྲིད་སྟོན། དཀའ་ངལ་སེལ་རོགས་བཅས་ཀྱི་ཞབས་འདེགས་ཀྱང་ཞུས་ཡོད།
            འགྲུལ་སྐྱེལ་སྡོད་བྱ་བ་བཟང་པོས“མེ་འཁོར་བབས་ཚུགས་ནི་ས་ཆ་དམིགས་བསལ་ཞིག་རེད། གང་ཡིན་ཟེར་ན་ཕྱོགས་བཞི་མཚམས་བརྒྱད་ཀྱི་འགྲུལ་པ་དེར་འཛོམ་གྱི་ཡོད། དེས་ན་ང་ཚོའི་ལས་ཀ་ནི་འགྲུལ་པ་མི་རེ་ངོ་རེར་ཞབས་འདེགས་ཡག་པོ་ཞུ་དགོས། མ་གཞི་ལྕཌ་ལམ་ལས་དོན་ལ་དུས་ཆེན་དང་གུང་གསེང་གི་དབྱེ་བ་མེད་པར་འགྲུལ་པ་དང་མེ་འཁོར་ཡོད་ཕྱིན་ལས་གནས་བརྟན་པོར་སྲུང་དགོས་ཀྱི་ཡོད། འོན་ཀྱང་ཚང་མའི་ངོ་གདོང་ལས་འཛུམ་མདངས་འཕྱུར་བ་མཐོང་དུས། ང་ཚོས་ཀྱང་དཔྱིད་གསར་དུས་ཆེན་གྱི་དྲོ་སྐྱིད་ཚོར་གྱི་འདུག”ཅེས་བཤད།
            གཞན་ཡང་ལྷོ་ཁ་མེ་འཁོར་བབས་ཚུགས་ཀྱིས་ད་དུང་མི་སྣ་སྒྲིག་འཛུགས་བྱས་ནས་སྤ་སེ་འཚོང་སའི་ཚོམས་ཆེན་དང་མེ་འཁོར་སྒུག་ཁང་སོགས་ཀྱི་ཁྱབ་ཁོངས་སུ་སྐོར་ཞིབ་བྱེད་ཤུགས་ཆེ་རུ་བཏང་བ་དང་། མེ་འཁོར་ཉེན་རྟོག་པ་དང་། མེ་འཁོར་བབས་ཚུགས་ཀྱི་ལས་རེས་མི་དམངས་ཉེན་རྟོག་པ། དེ་བཞིན་འགྲུལ་སྐྱེལ་སྡེ་ཚན་བཅས་དབར་གྱི་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་པ་མ་ཟད། གནམ་གཤིས་ཀྱི་འགྱུར་ལྡོག་ལ་དོ་སྣང་ཆེན་པོ་བྱས་ཤིང་། འགྲུལ་རྒྱུན་དང་མེ་འཁོར་ཁ་འགོག་པའི་ཆ་འཕྲིན་དུས་ཐོག་ཏུ་ཁོང་དུ་ཆུད་པར་བྱས་ཏེ་རྒྱ་ཆེའི་འགྲུལ་པར་ཕྱིར་སྐྱོད་བདེ་འཇགས་དང་བདེ་བླག་ཡོང་བའི་འགན་ལེན་བྱས་པ་རེད།
            “དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང་ལྕགས་ལམ་སྡེ་ཚན་གྱི་ལས་དོན་མི་སྣས་སྔར་བཞིན་ལས་གནས་བརྟན་སྲུང་གིས་ལས་དོན་ཧུར་ཐག་བསྒྲུབས་ཏེ། འགྲུལ་པར་སེམས་རྩ་འཁོལ་པོས་ཞབས་འདེགས་ཞུ་གི་འདུག དེ་ལས་ང་ཚོར་དྲོ་སོབ་སོབ་ཀྱི་ཚོར་སྣང་ཞིག་བྱུང་བ་མ་ཟད། དེ་བས་སྟབས་བདེ་དང་། མགྱོགས་མྱུར། དྲོ་སྐྱིད་བཅས་ཀྱི་དཔྱིད་གསར་སྐྱེལ་འདྲེན་མྱོང་རོལ་ཡང་ཐུབ་བྱུང”ཞེས་འགྲུལ་པ་སྐལ་བཟང་ཚེ་རིང་གིས་བཤད།
            གཞུང་ལམ་སྐྱེལ་འདྲེན་གྱི་འགན་སྲུང་ཐད། དཔྱིད་གསར་སྐྱེལ་འདྲེན་གྱི་མཐོ་རླབས་སུ་འགྱུར་བ་དང་བསྟུན་ནས་ལྷོ་ཁ་གྲོང་ཁྱེར་འགྲུལ་སྐྱེལ་རླངས་འཁོར་ཀུང་སིས་ཀྱང་ཇུས་འགོད་ཧུར་ཐག་བྱས་ཏེ། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་། སྐྱེལ་འདྲེན་གྱི་བདེ་འཇགས། ཞབས་འདེགས་འགན་ལེན་སོགས་གཙོ་གནད་ལས་དོན་ལ་སྤྱི་འདོམས་བྱས་ནས་འགྲུལ་པ་ཕྱིར་སྐྱོད་སྐབས་བདེ་འཇགས་ཡོང་བའི་འགན་ལེན་བྱས་ཡོད།
            གསར་འགོད་པས་ལྷོ་ཁ་འགྲུལ་སྐྱེལ་རླངས་འཁོར་ལྟེ་གནས་ནས་མཐོང་བར། ལྟེ་གནས་དེར་དགོས་ངེས་ཀྱི་འགོག་སྲུང་སྒྲིག་ཆས་སྒྲིག་སྦྱོར་བྱས་ཡོད་པ་དང་། སྔོན་འགོག་དང་ཚོད་འཛིན་གྱི་དངོས་ཟོག་འདང་ངེས་གྲ་སྒྲིག་བྱས་ཡོད་པ། བབས་ཚུགས་སུ་སླེབས་པའི་གཉེར་སྐྱོང་འགྲུལ་སྐྱེལ་རླངས་འཁོར་ལ་དུག་སེལ་བྱས་ཡོད་པ། སྤ་སེ་འཚོང་སའི་ཚོམས་ཆེན་ནས་རླངས་འཁོར་སྒུག་ཁུལ་བར་རིམས་ནད་ཐད་ཀྱི་ཞིབ་བཤེར་ལས་དོན་ལ་རིམ་པ་བཞིན་དམ་འཛིན་བྱས་ཡོད་པ། འགྲུལ་པ་རྣམས་ཁ་རས་བརྒྱབ་ནས་རླངས་འཁོར་ལ་སྡོད་པ་དང་། བདེ་ཐང་གི་ཨང་རྟགས་སྟོན་པ། མིང་ངོ་མ་བཀོད་ནས་རླངས་འཁོར་ལ་སྡོད་པ་སོགས་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་ལག་བསྟར་ནན་པོ་བྱས་ཡོད་པ་རེད།
            འགྲུལ་སྐྱེལ་ཁ་ལོ་བ་ནོར་བུས“འགྲོ་འོང་བདེ་འཇགས་ནི་ཁྱིམ་ཚང་ཁྲི་སྟོང་མང་པོའི་དགོས་མཁོ་རེད་ལ། ང་ཚོ་ཁ་ལོ་བའི་ཆེས་གཞི་རྩའི་དམིགས་ཚད་ཀྱང་རེད། དཔྱིད་གསར་སྐྱེལ་འདྲེན་རིང་ང་ཚོས་ལས་གནས་བརྟན་སྲུང་དང་བློ་གཅིག་སེམས་གཅིག་ངང་ཞབས་འདེགས་ཞུས་ནས་འགྲུལ་པ་ཚང་མ་བདེ་འཇགས་ངང་དམིགས་སར་འབྱོར་ཐུབ་པ་བྱེད་ཀྱི་ཡིན”ཞེས་བཤད།
            དཔྱིད་གསར་དུས་ཆེན་གྱི་སྔ་རྗེས་སུ་གཉེན་ཉེ་ཐུག་འཕྲད་དང་། གྲོགས་པོར་འཚམས་འདྲི། ཕ་ཡུལ་དུ་ལོག་པ་བཅས་ཀྱི་རླངས་འཁོར་དང་མི་མང་དུ་ཕྱིན་མོད། འོན་ཀྱང་སྐྱེལ་འདྲེན་སྡེ་ཚན་གྱི་ལས་དོན་མི་སྣས་ཐོག་མཐའ་བར་གསུམ་དུ་འཐབ་ས་དང་པོ་བརྟན་པོར་བསྲུངས་ཏེ་བྱ་སྤྱོད་དངོས་ལ་བརྟེན་ནས་ཕྱིར་སྐྱོད་བདེ་འཇགས་འགན་ལེན་བྱེད་བཞིན་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1