འདབ་པའི་ཕན་རོགས་གནའ་ཤུལ་རྒྱལ་ཡོངས་ཀྱི་གསར་རྙེད་ཆེན་པོའི་ནང་ཚུད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 02-10


        སྤྱི་ཟླ་2པའི་ཚེས་9ཉིན། སི་ཁྲོན་ཁྱབ་བསྒྲགས་ཀྱིས་སྤེལ་བའི་གསར་འགྱུར་ལྟར་ན། སྤྱི་ལོ་2021ལོའི་རྒྱལ་ཡོངས་ཀྱི་གནའ་རྫས་རྟོག་ཞིབ་གསར་རྙེད་ཆེན་པོ་བཅུའི་ཐོག་མའི་དཔྱད་འདེམས་འགོ་ཚུགས་པ་དང་། སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་འདབ་པ་རྫོང་ཕན་རོགས་གནའ་ཤུལ་དང་ཀོང་ཧན་སན་ཞིང་ཏུན་མཆོད་འབུལ་ཁུལ་སོགས་སྤྱི་ལོ་2021ལོའི་རྒྱལ་ཡོངས་ཀྱི་གནའ་རྫས་རྟོག་ཞིབ་གསར་རྙེད་ཆེན་པོ་བཅུའི་ཐོག་མའི་དཔྱད་འདེམས་རྣམ་གྲངས་སུ་ཚུད་ཡོད།
        རྒྱུས་ལོན་བྱུང་བ་ལྟར་ན། སྤྱི་ལོ་2021ལོར། རྒྱལ་ཡོངས་སུ་ཞིབ་བཤེར་ཆོག་མཆན་བཀོད་ཅིང་གནའ་རྫས་རྟོག་ཞིབ་སྔོག་འདོན་བྱས་པའི་རྣམ་གྲངས་ཁག་1700ལྷག་ཡོད་ལ། འོས་འདེམས་རྣམ་གྲངས་ཁག་སྔོག་འདོན་བྱེད་མཁན་གྱི་སྡེ་ཁག་གིས་རང་འགུལ་སྒོས་ཡར་ཞུ་དང་། རྒྱལ་ཁབ་རིག་དངོས་ལས་ཁུངས་ཀྱིས་ཞིབ་བཤེར་གཏན་འབེབས་བྱས་པར་བརྒྱུད། མཇུག་མཐར་རྣམ་གྲངས་32དཔྱད་བསྡུར་དུ་བདམས་ཡོད། དཔྱད་འདེམས་བྱེད་སྒོ་གཞུང་ལས་ཁང་གིས་རྩ་འཛུགས་བྱས་ནས་འདེམས་ཤོག་འཕང་རྗེས་རྣམ་གྲངས་20མཇུག་མཐའི་དཔྱད་བསྡུར་དུ་འོས་སྦྱོར་བྱ་རྒྱུ་རེད།
        ཕན་རོགས་གནའ་ཤུལ་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི་100ཙམ་ཡོད་པ་དང་། གནའ་ཤུལ་དེར་མ་མཐའ་ཡང་ལོ་ངོ་ཁྲི་13ཡན་གྱི་ལོ་རྒྱུས་ལྡན་པར་མ་ཟད། གནའ་ཤུལ་རྙེད་ཡུལ་དུ་མཚོ་འཕགས་སྨི་3700ལྷག་ཡོད།  །གནའ་ཤུལ་སྔོག་འདོན་བྱས་ཚུན་དུ་གནའ་རྫས་རྟོག་ཞིབ་པ་ཚོས་དེ་གར་སྟ་རེ་སོགས་རྡོ་ཆས་ཁྲི་གཅིག་ལ་ཉེ་བ(ས་འོག་ནས་དངོས་རྫས་6000ལྷག་ཙམ་སྔོག་འདོན་བྱས་པ་དང་ས་ངོས་ནས་དངོས་རྫས3000ལྷག་རྙེད)གསར་རྙེད་བྱུང་བ་དང་། དེའི་ཐོག་ནས་མིའི་རིགས་ནི་ལོ་ངོ་ཁྲི་13གྱི་ཡར་སྔོན་ནས་མདོ་དབུས་མཐོ་སྒང་དུ་འཚོ་བཞིན་ཡོད་པ་ར་སྤྲོད་བྱས་ཡོད་ཅིང་། ལྷག་པར་དུ་སྟ་རེ་སོགས་ཨ་ཧྲེ་ལིའི་ཐོན་རྫས་(ཨ་ཧྲེ་ལི་ཞེས་པ་ནི་རྡོ་ཆས་རྙིང་མའི་རིག་གནས་ཀྱི་དུས་མཚམས་ཤིག་སྟེ་ད་བར་དུ་ལོ་ཁྲི་170ནས་ཁྲི་20ཙམ་གྱི་ལོ་རྒྱུས་ཡོད་པ་དང་།  ཧྥ་རན་སིའི་ཨ་ཧྲེ་ལི་ཞེས་པའི་ས་ཆར་ཐོག་མར་རྙེད་པས་མིང་དེ་ཐོགས)སྐོར་ཞིག་ཡོད་པ་དེས།  “ཤར་ཕྱོགས་པའི་དུས་རིམ་སྔ་མའི་རིག་གནས་ནི་ནུབ་ཕྱོགས་ལས་རྗེས་ལུས་ཡིན་”ཞེས་པའི་རིག་གཞུང་ཟེར་སྒྲོས་དེ་ཁུངས་མེད་འཆལ་གཏམ་ཡིན་པ་ར་སྤྲོད་བྱས། 
        ཆེད་མཁས་པས་གསུངས་དོན།  ཕན་རོགས་གནའ་ཤུལ་ནི་འཛམ་གླིང་རང་བཞིན་གྱི་རིག་གཞུང་དང་སྤྱི་ཚོགས་ཆབ་སྲིད་ཀྱི་དོན་སྙིང་གལ་ཆེན་ལྡན་པའི་གནའ་རྫས་རྟོག་ཞིབ་ཀྱི་གསར་རྙེད་ཅིག་ཡིན་པ་དང་། མ་འོངས་པར་རྒྱལ་ཁབ་ཕྱི་ནང་གི་རིག་གཞུང་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ངེས། 
        ཨེ་ཤེ་ཡ་ཤར་མའི་སྟ་རེ་དང་མིའི་རིགས་ས་བབ་མཐོ་བའི་ཁོར་ཡུག་དང་འཚམ་པའི་ལོ་རྒྱུས་ཀྱི་བརྒྱུད་རིམ་འཚོལ་ཞིབ་བྱ་ཆེད། སི་ཁྲོན་ཞིང་ཆེན་རིག་དངོས་གནའ་དཔྱོད་ཞིབ་འཇུག་ཁང་རྡོ་ཆས་རྙིང་པ་ཞིབ་འཇུག་ཁང་གི་ཀྲུའུ་རེན་ཀྲེང་ཀྲི་ཞོན་གྱིས་2019ལོ་ནས་བཟུང་འབྲེལ་ཡོད་ཚོགས་པ་སྒྲིག་འཛུགས་བྱས་ཏེ། སི་ཁྲོན་ནུབ་རྒྱུད་ཀྱི་མཐོ་སྒང་དུ་རྡོ་ཆས་རྙིང་མའི་དུས་རབས་ཀྱི་གནའ་དཔྱོད་ཆེད་དོན་བརྟག་དཔྱད་བྱས་ནས་འདབ་པ་རྫོང་གི་ཕན་རོགས་གནའ་ཤུལ་གསར་རྙེད་བྱུང་བར་མ་ཟད། པེ་ཅིན་སློབ་ཆེན་གནའ་རྫས་རྟོག་ཞིབ་རིག་གནས་སློབ་གླིང་དང་མཉམ་འབྲེལ་བྱས་ནས2021ལོའི་ཟླ་4པར་གནའ་ཤུལ་དངོས་སུ་སྔོག་འདོན་བྱས། སྔོག་འདོན་བརྟག་དཔྱད་ལས་དོན་གྱི་ཐོག་ནས་ཕན་རོགས་གནའ་ཤུལ་ནི་ཡུལ་དུས་དམིགས་བསལ་དང་། གཞི་ཁྱོན་ཆེ་བ། ས་རིམ་ཉར་ཚགས་ལེགས་པ། རིག་གནས་ཀྱི་གོ་རིམ་གསལ་བ། ཤུལ་བཞག་དངོས་རྫས་ཀྱི་རྗེས་ཤུལ་ཕུན་སུམ་ཚོགས་པ། ལག་རྩལ་གྱི་ཁྱད་ཆོས་མངོན་གསལ་དོད་པ། རིག་གནས་ཀྱི་གྲུབ་རྐྱེན་སྣ་མང་ཡོད་པ་བཅས་མཐོང་དཀོན་པའི་རྡོ་ཆས་རྙིང་མའི་དུས་རབས་ཀྱི་གནའ་ཤུལ་ཆེ་གྲས་ཤིག་ཡིན་པ་གསལ་པོར་མཚོན། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1