༄༅།།ལོ་སར་དང་འབྲེལ་བའི་དྲི་བ་དྲིས་ལན།

གྱི་ལིང་འཇིགས་མེད། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།མཚོ་སྔོན་པོའི་དྲ་བ། སྤེལ་དུས། 02-11


༡ ལོ་སར་གཅིག་གྱུར་བྱས་ན་བཟང་ངམ།
        ལན། སྤྱིར་བཏང་གཅིག་གྱུར་ཅེས་པ་འདི་ལ་བཟང་ངན་སྣ་ཚོགས་ཡོད། དཔེར་ན་ཆབ་སྲིད་དང་ལམ་ལུགས། མངའ་ཁོངས། དེ་བཞིན་འཇལ་བྱེད་ཚད་གཞི་ལྟ་བུ་སོགས་གཅིག་གྱུར་བྱས་ན་བཟང་ཆ་མང་ལ། རིག་གནས་དང་འདུ་ཤེས། གོམས་གཤིས་དང་དད་མོས་སོགས་མང་བོ་ཞིག་གཅིག་གྱུར་བྱེད་པ་ནི་དོན་ལ་རྩ་མེད་བཟོ་བ་ལས་མ་འདས་པས། རིག་གནས་མིའི་རིགས་རིག་པའི་ངོས་ནས་བཤད་ན་དེ་ནི་ནོར་འཁྲུལ་ཆེན་པོ་ཞིག་རེད།
༢ བོད་ཀྱི་ལོ་སར་ནི་ངེས་པར་དུས་འཁོར་ལྟར་གྱི་སྐར་རྩིས་ལ་བསྟུན་དགོས་པ་ཡིན་ནམ།
        ལན། དོགས་པ་འདི་འདྲ་ཞིག་ཅི་ལྟར་བྱུང་བ་གསལ་བོ་མི་ཤེས་མོད། བོད་ལ་ལོ་རྒྱུས་སྟེང་དུས་འཁོར་ལུགས་ཀྱི་ལོ་མགོ་ལ་ལོ་སར་རོལ་བའི་སྲོལ་ཞིག་བྱུང་མ་མྱོང་སྟེ། དུས་འཁོར་ལུགས་ཀྱི་ལོ་མགོ་ནི་ཡར་ངོ་སྔོན་འགྲོའི་ནག་ཟླ་སྟེ་ཧོར་ཟླ་གསུམ་པ་ལ་འཁེལ་ཡོད། ང་ཚོས་ད་སྔ་ཧོར་ཟླ་གསུམ་པ་ལ་ལོ་སར་རོལ་པའི་ལོ་རྒྱུས་ཤིག་བདག་གིས་མཐོང་མ་མྱོང་།
༣ ཨ་མདོའི་རྩིས་འདི་རྒྱ་ནག་གི་རྩིས་དང་ལྷ་སའི་རྩིས་འདི་བོད་ཀྱི་རྩིས་ཡིན་ཟེར་ན་འགྲིག་གམ།
        ལན། ལྷ་ས་དང་ཨ་མདོ་གཉིས་གང་ཡིན་ཡང་དུས་འཁོར་ལུགས་ཀྱི་སྐར་རྩིས་ལ་བསྟུན་ཡོད་པ་འདྲ་འདྲ་རེད། ཁྱད་པར་ཅུང་ཙམ་ཡོད་པ་ནི་ཨ་མདོ་བས་རྒྱ་རྩིས་ཀྱི་ལག་ལེན་མང་བོ་དངོས་སུ་ཁ་སྣོན་བྱས་པ་དང་ལྷ་སའི་རྩིས་པ་རྣམས་ཀྱིས་ཤིན་ཏུ་གསང་བའི་སྒོ་ནས་རྒྱ་རྩིས་ཀྱི་ལག་ལེན་ཁ་གསབ་གནང་ཡོད་པ་དེ་རེད། ལྷ་སའི་རྩིས་དང་ཨ་མདོའི་རྩིས་ཞེས་ཅི་ཞིག་བཤད་ཀྱང་དུས་འཁོར་ལུགས་ཀྱི་སྐར་རྩིས་གཞིར་བཞག་ཅིང་། རྒྱ་རྩིས་ཀྱི་ལག་ལེན་མང་བོས་ཟུར་བརྒྱན་ཏེ་ལི་ཐོ་འདོན་པ་དང་། ཉི་འཛིན་ཟླ་འཛིན་སོགས་གཏན་ལ་འབེབས་པ་ལ་ཁྱད་པར་ཅི་ཡང་མེད།
        ཨ་མདོའི་ཕྱོགས་ནས་བླ་བྲང་བཀྲ་ཤིས་འཁྱིལ་གཙོས་དགོན་སྡེ་མང་བོས་རྭ་རྒྱའི་ཕྱག་མཛོད་གསུང་རབ་ཀྱི་རྩིས་གཞུང་ལག་ལེན་ལ་འདེབས་བཞིན་ཡོད་ལ། བོད་ལྗོངས་སྨན་རྩིས་ཁང་གིས་ཀྱང་སྨན་རྩིས་མཁྱེན་རབ་ནོར་བུ་ལགས་ཀྱིས་རྭ་རྒྱའི་ཕྱག་མཛོད་གསུང་རབ་ཀྱི་རྩིས་གཞུང་ལྟར་རྩིས་མགོ་བསྟུངས་ཤིང་ལི་ཐོ་བཏོན་པ་རེད། རྩིས་གཞུང་གང་ལ་གཏུགས་པའི་གཞུང་ལ་ཁྱད་པར་ཅི་ཡང་མི་འདུག དེ་བཞིན་ཟུར་འདེབས་ལ་ཡང་སྨན་རྩིས་མཁྱེན་རབ་ནོར་བུས་མན་ངག་བཀའ་རྒྱ་མ་ཞིག་ལག་ལེན་གནང་བ་དེ་ཕྱིས་སུ་མདོ་སྨད་ཀྱི་རྩིས་རམས་པ་རྗེ་བསམ་གྲུབ་རྒྱ་མཚོ་མཆོག་གིས་གཟིགས་པ་ན་རྒྱ་རྩིས་རེད་ཅེས་ཁོང་གིས་དངོས་སུ་གསུངས་པ་ཐོས་པས། ཟུར་འདེབས་ཀྱི་གཞུང་ལའང་ཁྱད་པར་ཅི་ཡང་མ་མཆིས། རྩིས་མགོ་བསྟུངས་ལུགས་དང་ཟླ་བཤོལ་འདོན་ལུགས་ཀྱི་ཁྱད་པར་ནི་རྩིས་ཀྱི་རིག་གནས་ལ་མ་སྦྱངས་པ་དག་གིས་ཅི་ཙམ་བཤད་ཀྱང་ཨ་རིག་བན་དེའི་མགོ་བརྩད་པའི་དཔེ་ལས་མ་འདས་སོ། །
        དེ་བཞིན་ལྷ་སའི་རྩིས་འདི་བོད་རྩིས་ཡིན་ཞེས་པའང་ཉེ་རབས་འདིར་གསར་དུ་བྱུང་བའི་བཤད་སྒྲོས་ཤིག་ལས་སྔོན་ཆད་བོད་ལྗོངས་སྨན་རྩིས་ཁང་གིས་བཏོན་པའི་ལི་ཐོ་ལ་ལྷ་སའི་ལི་ཐོ་དང་། དེ་བཞིན་བླ་བྲང་སོགས་ནས་བཏོན་པའི་ལོ་ཐོ་ལ་ཨ་མདོའི་ལི་ཐོ། གཞན་ཡང་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་རྣམ་ཐར་དུ་ཆབ་མདོའི་རྩིས་ཀྱི་ལྔ་མཆོད་ཅེས་གསུངས་པ་ཞིག་མཐོང་བས། དེ་ལྟ་བུའི་རྩིས་མི་འདྲ་བ་མང་དུ་ཡོད་པ་ལ་ས་གནས་རང་རང་གི་རྩིས་ཞེས་མིང་བཏགས་པ་ལས་བྱེ་བྲག་གིས་སྤྱིའི་ཚབ་བྱེད་པའི་ཧམ་པ་དེ་འདྲ་སྔོན་ཆད་མཐོང་མ་མྱོང་། 
༤ ཧོར་རྩིས་དང་བོད་རྩིས་ཀྱི་ཁྱད་པར་ཅི།
        ལན། བོད་ཡུལ་དུ་དུས་འཁོར་ལུགས་ཀྱི་སྐར་རྩིས་དར་ནས་རིང་བོ་མ་ལོན་པ་ན་ཆེན་པོ་ཧོར་གྱི་ལུགས་བོད་དུ་དར་ཞིང་། དེ་ནས་རིམ་བཞིན་འགྲོ་མགོན་འཕགས་པས་ཀྱང་ཧོར་གྱི་ལུགས་ལྟར་ལི་ཐོ་བཏོན་པ་སོགས་ཧོར་ཟླ་དང་ཧོར་རྩིས་ཀྱི་ཐ་སྙད་བྱུང་། དེ་ནས་རྗེས་སུ་རིམ་གྱིས་སྔར་གྱི་ཧོར་རྩིས་ལ་ལྷ་སའི་རྩིས་ཞེས་གྲགས་ཤིང་། ད་ལྟ་བོད་རྩིས་ཀྱི་ཐ་སྙད་བཏགས་འདུག 
༥ ཞིང་རྩིས་དང་རྒྱ་རྩིས་ཀྱི་ཁྱད་པར་ཅི།
        ལན། ཞིང་རྩིས་ནི་ད་ལྟ་ལུགས་རྙིང་གི་རྩིས་ཞེས་འབོད་པ་འདི་ཡིན་ལ། ཆེས་སྔ་མོའི་དུས་སུ་རྒྱ་ནག་ལ་རྩིས་གཞུང་མི་འདྲ་བ་གསུམ་ཙམ་ཡོད་པ་ལས་ལོ་མགོ་སྟག་ཟླས་འཛིན་པ་འདི་ནི་ཞ་རྒྱལ་རབས་ཀྱི་རྩིས་དང་མཐུན་ས་མང་བས་ཞ་ལུགས་ཞེས་ཀྱང་འབོད། གཙོ་བོ་རྒྱ་ནག་གི་ས་ཆའི་གནམ་གཤིས་དང་བསྟུན་ཏེ་ཞིང་ལས་སོགས་ལ་ཕན་ནུས་ཆེན་པོ་ཐོན་ཡོད། རྒྱ་རྩིས་ནི་ནུབ་གླིང་ཆོས་སྤེལ་བས་བཏོན་པའི་རྩིས་གསར་བ་ལ་ཟེར། རྒྱ་རྩིས་དེ་ལ་ཐོག་མར་གུང་མ་ཆན་ལུང་གི་བཀའ་ལྟར་སོག་སྐད་དུ་བསྒྱུར་ཅིང་། དེ་ནས་སླར་ཡང་སོག་སྐད་ཀྱི་སྟེང་ནས་བོད་སྐད་དུ་བསྒྱུར་པའི་རྒྱ་རྩིས་ཆེན་མོ་ཞེས་པ་ད་ལྟ་ལག་ལེན་དང་ཁྲིད་རྒྱུན་མེད་པ་ཞིག་དང་། དེ་ནས་ཡུང་དགོན་གྱི་རྩིས་མཁན་མཁས་པ་ཞིག་གིས་མཛད་པའི་རྒྱ་རྩིས་ཀྱི་ལག་ལེན་སྙིང་བོ་ཤིན་ཏུ་བསྡུས་པ་རྒྱ་རྩིས་སྙིང་བོ་ཞེས་པ་ཡུང་དགོན་གྱི་སྐར་རྩིས་པ་མཱ་ཡང་བཟོད་པ་རྒྱལ་མཚན་བོད་ཡིག་ཏུ་སྤེལ་ཅིང་། རྩིས་མགོ་སྤྱི་ལོ་༡༧༡༡ལོར་བསྟུངས་པ་ཞིག་ཡོད་པ་དེ་བོད་དུ་དར་བ་ལ་རྒྱ་རྩིས་ཞེས་འབོད་དོ། །
༦ ལི་ཐོ་ནི་རྒྱ་རྩིས་ཁོ་ན་དང་སྐར་རྩིས་ཁོ་ནའི་སྟེང་ནས་འདོན་ཐུབ་པ་ཞིག་ཡིན་ནམ།
        ལན། དེ་ནི་མ་ཡིན་ཏེ། བོད་ཀྱི་ད་ལྟའི་ལི་ཐོ་འདི་བཟོ་བའི་ཁུངས་ནི་བཻ་དཀར་ཡིན་ལ། བཻ་དཀར་ལེའུ་བཅུ་གསུམ་པ་དང་བཅུ་བཞི་བར་ལི་ཐོ་བཟོ་ཚུལ་རྒྱས་འབྲིང་བསྡུས་གསུམ་ཞིབ་ཏུ་བཤད་ཡོད། 
        ལི་ཐོ་ཞིག་བཟོ་བ་ལ་རྒྱ་གར་ནས་དར་བའི་དུས་འཁོར་ལུགས་དང་དབྱངས་འཆར། རྒྱ་ནག་ནས་དར་བའི་ཧྭང་ལིའམ་གསེར་རྩིས་དང་ནག་རྩིས་སམ་འབྱུང་རྩིས། བོད་རང་གི་ཉམས་མྱོང་ལས་བྱུང་བའི་གནམ་དཔྱད་དུས་བརྟག་བཅས་སྦྲགས་ནས་འདོན་བཞིན་ཡོད།
        དེ་ཡང་དུས་འཁོར་ལུགས་ལྟར་བརྩི་བ་ནི་གཙོ་བོ་གཟའ་དག་སྟེ། ཚེས་ཞག་གི་ལོངས་སྤྱོད་རྫོགས་མཚམས་ཀྱི་རེས་གཟའ་རྗེས་འབྲང་ཆུ་ཚོད་སོགས་དང་བཅས་པ། ཉི་སྐར་ཏེ་ཉི་མ་རང་འགྲོས་ཀྱིས་ཁྱིམ་གང་དུ་སླེབས་པའི་སྐར་གནས་རྗེས་འབྲང་དང་བཅས་པ། ཚེས་འཁྱུད་ཟླ་སྐར་ཏེ་ཚེས་ལོངས་རྫོགས་མཚམས་སུ་ཟླ་བ་གང་དུ་སླེབས་པའི་སྐར་གནས་རྗེས་འབྲང་དང་བཅས་གསུམ་ཡིན་ལ། གཟའ་དག་ཉི་སྐར་ཟླ་སྐར་སོགས་ལ་བརྟེན་ནས་ཟླ་བཤོལ་དང་། ཚེས་ཆད་ལྷག ཁྱིམ་སླེབས། ཟླ་བའི་འཕེལ་འགྲིབ། གཟའ་ལྔའི་མྱུར་དག་སོགས་གཏན་ལ་འབེབས་པར་བྱེད་དོ། །
        ཧྭང་ལིའམ་གསེར་རྩིས་ལྟར་བརྩི་བ་ནི། དཔྱིད་ཚུགས་ཁ་བ་ཆར་ལྡོག་སོགས་དུས་ཚིགས་ཉེར་བཞི་དང་། ས་གླང་རྫི་བོ། ཁུར་བ་དང་འབྲུག་གི་མང་ཉུང་། ཚ་བ་ཚུགས་པ། དགུ་འདྲེན་པ། གཡང་སྐར་གཉིས། གཟའ་སྐར་སྤར་སྨེ་ཉི་ཁམས་སོགས་མང་ལ། དབུགས་སྒང་བརྩི་ཚུལ་འདི་རྒྱ་ནག་ནས་དར་ཡང་བོད་དུ་ལག་ལེན་སྐབས་དུས་འཁོར་ལུགས་ཀྱི་ཉི་བར་བསྟུན་ཏེ་བརྩི་བས་འབབ་སོ་རྒྱ་རྩིས་ལས་ཉི་མའི་ངེས་ཞག་དག་པར་བསྟུན་ཏེ་བརྩི་བ་སོགས་འདྲ་མིན་འབྱུང་བར་གསུངས་སོ། །
        བོད་རང་གི་ཉམས་མྱོང་ལྟར་བརྩི་བ་ནི། སྤྱིར་དྲོད་འབབ་པ་དང་བད་ལྷུང་བ་སོགས་གནམ་གཤིས་ཀྱི་འགྱུར་བ་དང་། འབུ་སྲིན་དབུགས་རྒྱུ་བ། ཤིང་རྩི་ཁ་འབུས་པ་སོགས་ཐང་གཤིས་ཀྱི་འགྱུར་བ་རྣམས་ལི་ཐོར་བཀོད་པ་དེ་དག་ཧྭང་ལིའི་གོམས་སྲོལ་ཡིན་ཡང་། རྒྱ་ཡུལ་དུ་གཏན་འཁེལ་བྱས་པ་དང་བོད་ཀྱི་དྲོད་གྲང་སོགས་ལ་བར་ཁྱད་ཆེ་བས་བོད་ཀྱིས་རང་གི་ཉམས་མྱོང་ལྟར་བསྒྱུར་ནས་བོད་རང་གིས་ཁྱད་ཆོས་དང་ལྡན་པར་བྱས་ཡོད་དོ། །  

        དྲི་བ་འདི་དག་ནི་ཉིན་འདི་དག་གི་རིང་ལ་ཁ་པར་ལམ་ནས་འདྲི་བ་དང་། དངོས་སུ་ཁ་བརྡའི་ཞར་འཕྲོས་ནས་འདྲི་བ་སོགས་ཅི་རིགས་བྱུང་བས། འདིར་རང་གིས་ཤེས་ཚོད་ཀྱིས་ལན་ཕུལ་བ་ཡིན་གྱི་ཕྱོགས་གཅིག་རྒྱལ་འདོད་དང་། ཕྱོགས་གཞན་ཞིག་ཕམ་འདོད་ཀྱི་ཀུན་སློང་ངན་པའི་དབང་གིས་ཨུ་ཚུགས་བྱས་པ་ཡེ་ནས་མིན།
         སྤྱིར་ད་ལྟའི་ཆར་མང་བོ་ཞིག་གིས་ང་ཚོའི་མི་རིགས་ལ་མཐུན་སྒྲིལ་ཡོང་དགོས་ན་སྐད་ཡིག་གཅིག་གྱུར་བྱེད་དགོས་ཞེས་པ་དང་། དེ་བཞིན་ཆོས་ལུགས་དད་མོས་གཅིག་གྱུར་དང་། ལོ་སར་སོགས་རིག་གནས་གཅིག་གྱུར་བྱེད་དགོས་ཞེས་སྐད་འབོད་གཏོང་མཁན་མང་བོ་ཡོད་པ་ནི་དགའ་འོས་པ་ཞིག་སྟེ། ཚང་མས་ཐུན་མོང་གི་བདེ་སྡུག་ལ་བསམ་བློ་གཏོང་བཞིན་པའི་རྟགས་ཤིག་རེད། འོན་ཀྱང་ལྷ་སའི་ཡོད་ཚད་བོད་ཀྱི་ཡིན་པ་དང་། ལྷ་ས་ལས་གཞན་པའི་རིག་གནས་ཐམས་ཅད་བོད་ཀྱི་རིག་གནས་མ་ཡིན་པར་འདོད་པ་སོགས་ནི་ཤིན་ཏུ་ཐལ་དྲགས་པ་སྟེ། བོད་ཡུལ་མདོ་དབུས་ཁམས་གསུམ་གྱི་རིག་གནས་མཐའ་དག་གིས་བོད་ཀྱི་རིག་གནས་གྲུབ་དགོས་པ་ལས། ཡུལ་ལུང་བྱེ་བྲག་པ་གཅིག་ཁོ་ནས་བརྒྱ་གོ་གཅིག་ཆོད་བྱེད་འདོད་པ་ནི་ཤ་ཚ་མ་ཤེས་པ་ཞིག་ཡིན་པར་སྙམ།
         མདོར་ན་ང་ཚོར་བློ་ཁོག་ཅུང་ཡངས་མོ་ཞིག་ཡོད་འོས་ཏེ། ས་གནས་རེ་རེའི་རིག་གནས་དང་གོམས་སྲོལ་ལ་བརྩི་བཀུར་གྱི་འདུ་ཤེས་ཡོད་ན་ད་གཟོད་འགལ་མེད་མཐུན་པའི་ལམ་ཆེན་ནམ་ལས་ཡངས་པ་ཞིག་རྙེད་པར་འདོད་དོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1