པོ་ཏ་ལའི་དཔེ་རྙིང་པོད་སུམ་སྟོང་ལྷག་ཙམ་ཡོངས་བཤེར་ཐོ་འགོད་ཟིན་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 02-11



     བོད་རང་སྐྱོང་ལྗོངས་རིག་གནས་ཐིང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། 2018ལོའི་ལོ་མཇུག་ནས་བཟུང་། འཛམ་གླིང་རིག་གནས་ཤུལ་བཞག་ཕོ་བྲང་པོ་ཏ་ལའི་དཔེ་རྙིང་སྲུང་སྐྱོང་བེད་སྤྱོད་རྣམ་གྲངས་ལག་བསྟར་བྱེད་འགོ་ཚུགས་ཚུན་དཔེ་རྙིང་སྲུང་སྐྱོང་དང་བེད་སྤྱོད་ཀྱི་ལས་དོན་ཁག་ལ་སྐུལ་འདེད་ཏན་ཏིག་བཏང་ཞིང་། 2021ལོའི་ལོ་མཇུག་བར་དཔེ་རྙིང་པོད་3000ལྷག་ཙམ་དང་རྩ་ཆེའི་དཔེ་རྙིང་ཤོག་ལྷེ་ཁྲི་བརྒྱ་ལྷག་ཙམ་ཡོངས་བཤེར་ཐོ་འགོད་བྱེད་པའི་ལས་དོན་ལེགས་སྒྲུབ་བྱས་ཡོད།

     ཕོ་བྲང་པོ་ཏ་ལ་ནི་སྤྱི་ལོའི་དུས་རབས་བདུན་པའི་ནང་བཞེངས་པ་དང་། ད་ཡོད་བོད་ལྗོངས་ས་ཁུལ་གྱི་གཞི་ཁྱོན་ཆེ་ཤོས་དང་ཉར་ཚགས་ཆ་ཚང་ཤོས་ཀྱི་ཕོ་བྲང་ཞིག་ཡིན་ཞིང་། དེའི་དམིགས་བསལ་གྱི་བཟོ་སྐྲུན་བཀོད་པ་དང་གྲངས་འབོར་མང་བའི་རིག་དངོས་ལས་བོད་མི་རིགས་ཀྱི་ལོ་རྒྱུས་དང་། རིག་གནས། སྒྱུ་རྩལ་གྱི་གཏེར་མཛོད་ཅེས་སུ་འབོད་ཀྱི་ཡོད། 
     ཕོ་བྲང་པོ་ཏ་ལའི་དཔེ་རྙིང་སྲུང་སྐྱོང་བེད་སྤྱོད་རྣམ་གྲངས་ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར་3བཏང་བ་དང་རྣམ་གྲངས་ཀྱི་དུས་ཡུན་ལོ་10ཡིན་པ་རེད།
     བོད་རང་སྐྱོང་ལྗོངས་རིག་གནས་ཐིང་གི་གྲངས་གཞི་ལས་མངོན་པར། 2021ལོའི་ལོ་མཇུག་བར་ཕོ་བྲང་པོ་ཏ་ལའི་རིག་དངོས་སྲུང་སྐྱོང་བེད་སྤྱོད་རྣམ་གྲངས་ལ་རིམ་རྩིས་བྱས་ན་མ་དངུལ་སྒོར་ཁྲི་6800ལྷག་ཙམ་དོན་འཁྱོལ་བྱུང་བ་དང་། དཔེ་རྙིང་པོད་3078ཡིག་ཚགས་བཟོས་ནས་ཐོ་འགོད་བྱས་པ་དང་། ཤིང་ཏ་ལའི་ལོ་མའི་དཔེ་ཆ་པོད་465ལེགས་སྒྲིག་བྱས་ནས་ཡིག་ཚགས་བཟོ་བ་དང་དཀར་ཆག་སྒྲིག་པའི་ལས་དོན་ལེགས་སྒྲུབ་བྱས་པ། དཔེ་རྙིང་པོད་136གྲངས་གཞི་ཅན་ལ་བསྒྱུར་བའི་ལས་དོན་ལེགས་སྒྲུབ་བྱས་པ། དཔེ་རྙིང་པོད་23གི་བོད་ཤོག་ཉམས་གསོའི་ལས་དོན་ལེགས་སྒྲུབ་བཅས་བྱས་ཡོད།

     ཕོ་བྲང་པོ་ཏ་ལར་ཡོད་པའི་དཔེ་རྙིང་གི་གྲངས་འབོར་ཆེ་ཞིང་། བསྡོམས་རྩིས་རགས་ཙམ་བྱས་པར་གཞིགས་ན། མིག་སྔར་ཕོ་བྲང་པོ་ཏ་ལར་རྒྱ་ཡིག་དང་། བོད་ཡིག མན་ཇུའི་ཡི་གེ སོག་པོའི་ཡི་གེ་སོགས་ཀྱི་ཐོག་ནས་བྲིས་པའི་རྩ་ཆེའི་དཔེ་རྙིང་མང་པོ་ཡོད་ཅིང་། པོད་ཁྲི་ཕྲག་ཟིན་གྱི་ཡོད། དེའི་ནང་རྩ་ཆེའི་ཤིང་ཏ་ལའི་ལོ་མའི་དཔེ་རྙིང་པོད་460ལྷག་ཙམ་གྱི་ཤོག་ལྟེ་སུམ་ཁྲི་ལ་ཉེ་བ་ཚུད་ཡོད། དཔེ་རྙིང་དེ་དག་ཆོས་ལུགས་དང་། བཟོ་སྐྲུན། སྒྱུ་རྩལ། གསོ་རིག ལོ་རྒྱུས། སྐད་ཡིག རྩོམ་རིག མཚན་ཉིད་རིག་པ་སོགས་ཁྱབ་ཁོངས་ཀྱི་དཔེ་ཆ་ཡིན་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1