༄༅། །བྱམས་ལྡན་གྱི་སྐྱེད་མ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-26


        བྱམས་ལྡན་གྱི་སྐྱེད་མ་ལགས། སྐྱིད་ལ་སྡུག་པའི་འཇིག་རྟེན་མི་ཡུལ་འདི་རུ་ཁྱེད་མེད་ན། ཁོ་བོར་དལ་བརྒྱད་འབྱོར་བཅུ་ཚང་བའི་མི་ལུས་རིན་ཆེན་ཇི་ལྟར་ཐོབ། མ་ཡུམ་ཁྱེད་ནི་ཨ་ཆུང་ངའི་ལུས་ཕུང་གི་གཞི་རྟེན་དང་དྲོད་ཁོལ་གྱི་མ་མ་ཡིན་པས། ཁྱེད་ཀྱི་དྲིན་ལན་ནི་ནམ་ཡང་འཇལ་དཀའ་བ་ཞིག་རེད་ཨང་།
       ཨ་མ་ལགས། ཁྱེད་ནི་ངའི་ཚེ་སྲོག་གི་འབྱུང་རྩ་དང་ལང་ཚོའི་ཟུངས་ཁྲག་གི་འབྱུང་གནས་ཡིན་ལ། ཁྱེད་ཡོད་པས་བདག་ནི་འགྲོ་བ་མི་ཡི་གྲལ་དུ་ཚུད་པར་གྱུར། ངོ་མ་མ་ཡུམ་ཁྱེད་ཀྱི་བཀའ་དྲིན་ནི་ནམ་མཁའ་ལས་ཡངས་ལ་རྒྱ་མཚོ་ལས་ཀྱང་ཟབ།
        ཀྱེ་ཀྱེ། བདག་གི་སྐྱེད་མ་ལགས། གཞིས་ཁྱིམ་གྲུ་བཞི་དེའི་འཚོ་དོན་དུ་རྩ་རིའི་སྨྱུག་མ་ལྟ་བུའི་ཁྱེད་ཀྱི་སྐུ་གཟུགས་འདི་ཉིད་འཁྱོག་པོར་གྱུར་སོང་མོད་། འོན་ཀྱང། ཁྱེད་ལ་ཕངས་སེམས་དང་འགྱོད་སེམས་སྤུ་ཙམ་མེད་ཁར་མུ་མཐུད་བུ་ཕྲུག་གི་མ་འོངས་པའི་འཚོ་བ་ལ་བདེ་སྐྱིད་བསྐྲུན་པར་རེམས། དེ་བས་ལོ་ཟླའི་འགྲོས་དང་བསྟུན་ནས་ཁྱེད་ཀྱི་དཔྲལ་བའི་གཉེར་མ་ཇེ་མང་ནས་ཇེ་ཟབ་ཏུ་གྱུར་ཅིང་། མགོ་སྐྱེས་ཀྱི་སྐྲ་ལོར་དཀའ་སྡུག་གི་བ་མོས་གཡོགས་ཀྱང་ཁྱེད་ལ་དཀའ་སྡུག་གི་སྣང་བ་སྤུ་ཙམ་མེད། བསམས་ཤིང་བསམ་དུས་ངས་ཨ་མ་ཁྱེད་ལྷག་པར་དྲན་ལ། དྲན་བཞིན་དྲན་བཞིན་བདག་རང་སྐྱོ་གདུང་གི་གཡང་དུ་ལྷུང་།
       རྒྱ་མཚོའི་མར་གསར་གྱི་འཛུམ་དཀར་ཕྱོགས་སུ་གྲོལ་བའི་ཁུ་སིམ་སིམ་གྱི་མཚན་མོ་འདིར། ཡོད་ཚད་གཉིད་དུ་ཡུར་བའི་དུས་སུ་ངས་ཤར་རིའི་རྩེ་ཡི་དུང་ཟླའི་བྱད་གཟུགས་དང་བྱམས་བརྩེའི་བསིལ་ཟེར་མྱོང་བཞིན་རོལ་ཚེ། ངས་རང་གི་ཕ་ས་དྲོན་མོར་བཞུགས་པའི་ཨ་མ་ཁྱེད་རང་སྙིང་ནས་དྲན་འོང་། སྐབས་དེར་ངའི་ཁྲ་ཆུང་མིག་ལམ་དུ་ཁྱེད་ཀྱི་སྐུ་གཟུགས་རབ་རིབ་དུ་སྣང་ལ། ང་རང་ཁྱེད་ཀྱི་པང་དུ་བདེ་བར་གཟིམས་པའི་སྣང་བ་ཞིག་ཀྱང་ངང་གིས་སྐྱེས་འོང་། ཡིན་ཀྱང་། དེ་ནི་ལྟར་སྣང་བ་ཙམ་ལས་དོན་དངོས་ལས་རྒྱང་ཐག་ཤིན་ཏུ་རིང་བས། བདག་གི་མིག་མཐའ་མཆི་མས་བྲན་ཅིང་། སེམས་ལ་སྐྱོ་གདུང་སྐྱུར་མོ་ཞིག་ཀྱང་ལངས་སོང་།
       ཨ་མ་ལགས། ད་ལྟ་ངའི་སེམས་སུ་མ་བུ་གཉིས་གྱེས་པའི་གདུང་བའི་རྦ་རླབས་མཁའ་ལ་འཕྱོ་ལ། ངས་ཁྱེད་རང་དྲན་པའི་གདུང་བ་ཞིག་ལས་ཁྱེད་ཀྱི་གམ་དུ་མྱུར་བར་ལོག་ཐུབ་ན་ཅི་མི་སྙམ་པའི་རེ་སྨོན་ཞིག་ཀྱང་སྐྱེས་འོང། འོན་ཀྱང་ངའི་རྣ་ལམ་དུ་ཁྱེད་ཀྱིས་གནང་བའི་རིན་ཆེན་གསེར་ལས་ལྷག་པའི་བསླབ་བྱ་དང་སློབ་ལ་འབད་བརྩོན་དགོས་པའི་རྣམ་དག་སྐུལ་མའི་ཚིག་གི་རོལ་མོ་སོགས་བསྒྲགས་ཐེངས་རེར། ངས་སླར་ཡང་ཁྱེད་དང་རང་གི་ཕ་ཡུལ་ལ་སེམས་འཁྲེན་མང་པོ་ཞིག་ཡ་ཁོག་སྙིང་གི་གཏིང་དུ་རུམ་ཡོད་པ་ཚོར་དུས། ངས་ད་ལྟའི་བྱེད་ལུགས་སོགས་ལ་སེམས་ཀྱི་གཏིང་ནས་འགྱོད་པ་སྐྱེས་པ་མ་ཟད། སྡུག་བསྔལ་ཅིག་གིས་མགྲིན་པ་བརྣང་ལ་དངངས་སྐྲག་ཅིག་གིས་ལུས་པོ་འདར་དང་ལྷན་དུ་མིག་ཆུའི་ཕྲེང་ཐག་ཆད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1