ཡུལ་སྡེ་དར་རྒྱས་སུ་སོང་བས་ཤེས་ལྡན་མི་སྣ་ཕ་ཡུལ་དུ་ལོག།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 02-17


        ལྕགས་ཟམ་རྫོང་ནི་དམར་དམག་གི་ལྕགས་ཟམ་བླངས་པའི་གསར་བརྗེའི་ལོ་རྒྱུས་མིང་དུ་གྲགས་པ་རེད། ད་ཆ་ལྕགས་ཟམ་རྫོང་གིས་བློ་རྒྱ་ཆེན་པོས་སྤྱོད་ཡོན་གཉིས་ལྡན་གྱི་མི་སྣ་བསྡུས་ཏེ་གསར་བརྗེའི་ས་གནས་དེའི་ཡུལ་སྡེ་དར་རྒྱས་དང་དཔལ་འབྱོར་འཕེལ་རྒྱས་ནང་དུ་ཞུགས། ཕ་ཡུལ་དུ་ལོག་པའི་ཞིང་པ་ཞོར་ལས་པ་ནི་དེའི་ཁྲོད་ཀྱི་ངོ་མཚར་ཆེ་བའི་མཛེས་ལྗོངས་ཤིག་རེད།
        ད་ལོ་ལོ36ལ་སླེབས་པའི་ཡོན་ཞའོ་པོ་ནི་ལྕགས་ཟམ་རྫོང་ལེང་ཆི་གྲོང་རྡལ་ཧེ་ཀོའུ་གྲོང་ཚོ་ནས་ཡིན་པ་དང་། དེ་སྔ་ཧེ་ཀོའུ་གྲོང་ཚོར་སླེབས་མྱོང་ཡོད་པའི་མི་ཚང་མས་དེ་གར་རི་བོ་མཐོ་བ་དང་རི་གཟར་བ། ས་རྒྱུ་ཞན་ལ་ལོ་གཅིག་གི་ནང་དུ་ཟླ་བ3དང4ཡི་རིང་མི་རྣམས་ཀྱིས་ས་ལས་རྒྱག་གི་ཡོད། གྲོང་ཚོ་དེ་དབུལ་པོ་ཡིན་པས་ན་གཞོན་ཚོས་མནའ་མ་ལེན་པ་ཡང་དཀའ་གནད་ཅིག་ཏུ་གྱུར་ཡོད་པ་རེད། དེ་སྔོན་ཡོན་ཞའོ་པོས་ཀྱང་གཉེན་སྒྲིག་གི་ཕུགས་འདུན་བཅངས་ནས་ཕ་ཡུལ་དང་ཁ་བྲལ་ནས་ལོ་བཞི་ལ་ཞོར་ལས་ལས་མྱོང་། ཕྱི་ནས་ཞོར་ལས་ལས་སྐབས་ཁོང་གིས་ས་གནས་ཁག་གི་འཕེལ་རྒྱས་མཐོང་སྟེ་ཕྱིར་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་པའི་བསམ་ཚུལ་བྱུང་། དེ་བས་གལ་ཆེ་བ་ཞིག་ནི་ལྕགས་ཟམ་རྫོང་གིས་ཞིང་པ་ཞོར་ལས་པ་ཕྱིར་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་པར་རྒྱབ་སྐྱོར་བྱེད་པའི་ལྟ་སྐྱོང་སྲིད་ཇུས་ལ་བརྟེན་ནས་ཁོ་རང་ཕ་ཡུལ་དུ་ལོག་པའི་སེམས་ཐག་ཆོད།
        2008ལོར་ཕྱིར་ཕ་ཡུལ་དུ་ལོག་རྗེས། ཁོང་གིས་དངུལ་བུན་སྒོར་ཁྲི10གཡར་ནས་མུའུ10ཡོད་པའི་རི་ཀླུང་བོགས་མར་བླངས་ཏེ་སྒོ་ར་བཙུགས་ནས་བྱ་དེ་གསོ་མགོ་བརྩམས། འོན་ཀྱང་ལོ་གཅིག་རིང་ཐབས་ལམ་གུ་དོག་པ་དང་ཕྱིར་ཚོང་དཀའ་བའི་གནད་དོན་མངོན་གསལ་དོད་པས་ལོ་གཅིག་གི་རིང་དཀའ་ལས་བརྒྱབ་ཀྱང་ཕན་འབྲས་དེ་ཙམ་ཡག་པོ་མ་ཐོན། ལོ་གཉིས་པར་ཕག་གི་ཚོང་རའི་རིན་གོང་ཇེ་མཐོར་སོང་བས་ཁོས་ཕག་གསོའི་བྱ་བ་བསྒྲུབས་མོད། བསམ་ཡུལ་ལས་འདས་པ་ཕག་རིམས་ཕོག་ནས་ཕག་པ60ལྷག་གཟའ་འཁོར་གཅིག་གི་ནང་ཚང་མ་ཤི་ནས་མ་རྩ་མེད་པར་གྱུར། འོན་ཀྱང་ཁོང་གིས་སེམས་ཤུགས་མ་ཆག་པར་རྫོང་གིས་སྒྲིག་འཛུགས་བྱས་པའི་འདེབས་འཛུགས་དང་གསོ་ཚགས་ལག་རྩལ་གསོ་སྦྱོང་ནང་ཞུགས་རྗེས་བོད་ཕག་གསོས་པ་དང་། བརྩོན་འགྲུས་ཅན་ལ་འབྲས་བུ་འབྱུང་ངེས་པའི་དཔེ་ལྟར་ཁོས་བོད་ཕག་གསོ་ཚགས་བྱས་པ་ལ་གྲུབ་འབྲས་ཐོབ་མོད། འོན་ཀྱང་གྲོང་ཚོའི་ཕྱིར་ཚོང་དཀའ་བའི་གནད་དོན་གྱིས་ཁོང་ལ་ཐོག་མཐའ་བར་གསུམ་དུ་དཀའ་ངལ་བཟོས། 2018ལོར་ཧེ་ཀོའུ་གྲོང་ཚོར་བཅའ་སྡོད་རོགས་སྐྱོར་ཧྲུའུ་ཅི་དང་པོ་རེན་ཞན་ཆའོ་བསླེབས་པ་དང་། ཁོང་གིས་དྲ་རྒྱ་ལ་བརྟེན་ནས་ཧེ་ཀོའུ་གྲོང་ཚོར་སྤྱི་རྒྱ་བཞི་སྟོང་ལྷག་ཙམ་ཡོད་ཅིང་རིན་ཐང་སྒོར་ཁྲི་བཞི་བཅུ་ལྷག་ཙམ་ཀྱི་པོ་ལིང་ཀྭ་བཙོངས་པ་དང་། ཁོང་གིས་ཡོན་ཞའོ་པོ་ལ་དྲ་རྒྱ་སྤྱད་དེ་བརྙན་ལམ་སྟེགས་བུ་ཞིག་ཏུ“ཧྭ་ཅན་ཡུན་ཧྥེང”ཞེས་པའི་རྩིས་ཐོའི་ཨང་གྲངས་ཐོ་འགོད་བྱས་པ་དང་ཚོང་རྟགས་གྲགས་ཅན་དུ་གྱུར། དེ་ལྟར་དྲ་ལམ་ནས་ཧེ་ཀོའུ་གྲོང་ཚོའི་རི་གྲོང་གི་མཛེས་ལྗོངས་ལ་ལྟ་སྐོར་བྱས་པར་མ་ཟད་ཐད་གཏོང་ཟོག་ཁྱེར་བྱས་པས་ཡོན་ཞའོ་པོ་ཡི་བོད་ཕག་ཐོན་རྫས་ཀྱི་ཚོང་ལམ་ཕྱེས་པ་རེད། དེའི་རྗེས་སུ་ཧེ་ཀོའུ་གྲོང་ཚོ་དང་ཡོན་ཞའོ་པོ་ཡི་གསོ་ཚགས་ར་བ་དེ་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་དང་ཞིང་ཆེན།གྲོང་ཁྱེར་སོགས་འཕྲིན་སྦྱོར་གྱིས་སྔ་རྗེས་སུ་གནས་ཚུལ་སྤེལ་བས་ཧེ་ཀོའུ་གྲོང་ཚོ་དེ་དྲྭ་ཐོག་གི་སྐད་གྲགས་ཆེ་བའི་ས་གནས་སུ་གྱུར། 2019ལོར་ཡོན་ཞའོ་པོ་ཡི་གསོ་ཚགས་ར་བར་ཡོང་འབབ་སྒོར་ཁྲི50ལྷག་ཙམ་བྱུང་བ་དང། 2020ལོར་སྒོར་ཁྲི20ལྷག་ཙམ་དང2021ལོར་སྒོར་ཁྲི30ལྷག་ཙམ་བྱུང་། ཁྱིམ་ཚང་གཉིས་ཀྱི་ཕག་དང་འབྲི་གཡག་གསོ་ཚགས་ནང་ཞུགས་རྒྱུར་སྣེ་ཁྲིད་པས་གྲོང་ཚོ་ཡོངས་སྲོལ་རྒྱུན་གྱི་འདེབས་འཛུགས་གསོ་ཚགས་ནས་ཞིང་ལས་དང་ཡུལ་སྐོར་ཟུང་འབྲེལ་བྱེད་པར་དཔེ་སྟོན་དང་སྣེ་ཁྲིད་བྱས་པ་རེད།
        དོན་དམ་པར་ཡོན་ཞའོ་པོ་ཡི་གཏམ་རྒྱུད་ནི་ལྕགས་ཟམ་རྫོང་གི་ཞིང་བ་ཞོར་ལས་པ་ཕྱིར་ཕ་ཡུལ་དུ་ལོག་ནས་ལས་སྐྲུན་བྱེད་པའི་ཁྲོད་ཀྱི་ཅུང་ཆུང་བའི་བསྡུས་རིས་ཙམ་ཡིན། ཉེ་བའི་ལོ་ཤས་རིང་། ལྕགས་ཟམ་རྫོང་གིས་ཤེས་ལྡན་པ་འགུག་འདྲེན་བྱེད་པའི་བརྒྱུད་རིམ་ཁྲོད་དུ་དེ་སྔོན་ཤེས་ལྡན་པ་རྟ་རྒྱུག་གློག་ཞུའི་རྣམ་པ་ལྟར་གྱི་བཀག་སྡོད་དཀའ་བའི་འགག་རྩ་ནི་རྩ་བ་ཕྱི་རུ་ཡོད་པ་དང་ནང་སེམས་འགུག་དཀའ་བ་དེ་ཡིན་པ་རིམ་བཞིན་ཤེས་རྟོགས་བྱུང་། དེར་བརྟེན་ཡུལ་སྡེ་དར་རྒྱས་གཏོང་བའི་ཁྲོད་དུ་དམིགས་སའི་རང་བཞིན་ཡོད་པའི་སྒོ་ནས་སྲིད་ཇུས་གསར་པ་བཏོན་པ་དང་། སྐོམ་པས་ཆུ་འདོད་ལྟར་རྩ་བ་བརྟན་པའི་ཞིང་བ་ཞོར་ལས་པའི་དཔུང་ཁག་ཕྱིར་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱས་པར་འགུག་ཐབས་བྱས་པ་རེད། གཅིག་ནས་རྫོང་ཨུ་སྲིད་གཞུང་གིས་ཕ་ཡུལ་དུ་ལོག་མཁན་ཞིང་པ་ཞོར་ལས་པར་ལས་གཏོད་བྱ་རྒྱུར་སྐུལ་མ་གཏོང་བའི་ལྟ་སྐྱོང་སྲིད་ཇུས་རབ་དང་རིམ་པ་དྲིལ་བསྒྲགས་ཤུགས་ཆེན་བྱས་ནས། ཕ་ཡུལ་དུ་ལོག་ནས་ལས་གཏོད་ཞབས་ཞུའི་ཆེད་སྤྱོད་སྟེགས་བུ་བསྐྲུན་ཅིང་རྩིས་ཁྲ་བཟོས་ནས་རྗེས་འདེད་རོགས་སྐྱོར་བྱས་པ་དང་། 2021ལོར་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་མཁན་ཞིང་པ་ཞོར་ལས་པ127ལ་རོགས་སྐྱོར་མ་དངུལ་སྒོར་ཁྲི127སྤྲད་ཡོད་པ་རེད། གཉིས་ནས་ཕན་ཚུན་བརྗེ་རེས་བྱེད་པའི་ལས་སྟེགས་བསྐྲུན་ནས་སྒྲིག་འཛུགས་ཀྱི་རྩལ་ནུས་འགྲན་བསྡུར་ཆེ་མོ་དང་དཀར་མཛེས་ཁུལ་གྱི་“དཀར་མཛེས་ལས་གཏོད”ཅེས་པའི་ལས་གཏོད་འགྲན་བསྡུར་ཆེ་མོ་སྐབས་ལྔ་པ་སོགས་ལ་ཞུགས་པར་སྐུལ་སློང་བྱས་པས་མཐོང་རྒྱ་ཇེ་ཆེ་དང་ཕན་ཚུན་སློབ་སྦྱོང་བྱེད་པར་རོགས་རམ་བྱས། གསུམ་ནས་རྩལ་ནུས་ལག་རྩལ་གསོ་སྦྱོང་ལ་ཤུགས་བརྒྱབ་ནས་ཕ་ཡུལ་དུ་ལོག་མཁན་གྱི་ཞིང་པ་ཞོར་ལས་པའི་ལས་གཏོད་བྱེད་རིང་གི་དངོས་ཡོད་དཀའ་ངལ་ཐག་གཅོད་བྱས། ལེང་ཆི་གྲོང་རྡལ་དུ་དུས་ཐེངས་དང་པོའི་གསོ་སྦྱོང་ཉིན་བཅུའི་རིང་སྤེལ་བ་རེད། བཞི་ནས་ཕ་ཡུལ་དུ་ལོག་མཁན་གྱི་ཞིང་པ་ཞོར་ལས་པའི་ལས་གཏོད་གསོ་སྦྱོང་རྟེན་གཞི་བེད་སྤྱོད་ཡག་པོ་བྱས་ནས་ཞིང་པ་ཞོར་ལས་པར་སླར་ཡང་ཁྲིད་སྟོན་དང་གསོ་སྐྱོང་བྱས་ཏེ་ས་ཆ་འདོན་སྤྲོད་བྱས་པར་མ་ཟད། ད་དུང་ལས་གཏོད་ཁག་ཐེག་དངུལ་བུན་སྤྱད་དེ་མ་དངུལ་གྱི་རྒྱབ་སྐྱོར་བྱས་ནས་ཁོང་ཚོའི་འབྱུང་འགྱུར་གྱི་སེམས་ཁྲལ་ཐག་གཅོད་བྱས་པ་རེད།
        “ས་ཆ་ཞིག་གི་འཕེལ་རྒྱས་ཡོང་བའི་རྨང་གཞི་ནི་ཤེས་ལྡན་མི་སྣ་ཡིན་པ་དང་ང་ཚོས་དམིགས་སའི་རང་བཞིན་ཡོད་པའི་སྒོ་ནས་ཞིང་པ་ཞོར་ལས་པ་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་པར་ཚད་ལྡན་གྱི་སྲིད་ཇུས་བཟོ་དགོས་པ་དང་། ཕ་ཡུལ་གྱི་འདུ་ཤེས་ཡོད་པ་དང་རྒྱལ་ཁབ་ལ་བརྩེ་སེམས་ལྡན་པའི་ཞིང་པ་ཞོར་ལས་པ་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་པར་ལས་སྟེགས་བསྐྲུན་པ་དང་། ཁོང་ཚོའི་བྱ་གཞག་གསར་གཏོད་དང་ལེགས་འགྲུབ་ཡོང་བ་ནི་ལྕགས་ཟམ་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་ཡིན” ཞེས་རྫོང་ཨུ་རྩ་འཛུགས་པུའུ་ཡི་རྒྱུན་ལས་པུའུ་ཀྲང་གཞོན་པ་ཅང་མེ་ཡིས་ཕ་ཡུལ་དུ་ལོག་པའི་ཞིང་པ་ཞོར་ལས་པ་འགུག་འདྲེན་བྱེད་པའི་ལས་དོན་སྤེལ་ཚུལ་བཤད་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1