ཞི་ཅིན་ཕིང་དང་ཧྥ་རན་སེའི་ཙུང་ཐུང་མ་ཁེ་ལུང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 02-18


        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་16ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཟླ་2ཚེས་16ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྥ་རན་སེའི་ཙུང་ཐུང་མ་ཁེ་ལུང་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ་རེད།
        མ་ཁེ་ལུང་གིས་ཞི་ཅིན་ཕིང་དང་ཀྲུང་གོ་མི་དམངས་ལ་སྟག་ལོའི་དཔྱིད་གསར་དུས་ཆེན་གྱི་འཚམས་འདྲི་ཞུས་པ་དང་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འགོ་འཛུགས་མཛད་སྒོར་གྲུབ་འབྲས་ཡག་པོ་ཐོབ་པར་རྟེན་འབྲེལ་ཞུས་པ་མ་ཟད། ཀྲུང་གོ་ཕྱོགས་ཀྱིས་མིག་སྔའི་དུས་བབ་འོག་དུས་བཀག་ལྟར་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་གཉེར་བ་ནི་ཧ་ཅང་ལས་སླ་པོ་ཞིག་མིན་པ་དང་ཧྥ་རན་སེ་ཕྱོགས་ཀྱིས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ལ་གྲུབ་འབྲས་བཟང་པོ་ཐོབ་རྒྱུར་སྔ་ཕྱི་བར་གསུམ་དུ་རྒྱབ་སྐྱོར་དང་མུ་མཐུད་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
        ཞི་ཅིན་ཕིང་གིས་མ་ཁེ་ལུང་དང་ཧྥ་རན་སེའི་མི་དམངས་ལ་དཔྱིད་གསར་གྱི་སྨོན་འདུན་ཞུས་ཤིང་། ཁོང་གིས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དུས་བཀག་ལྟར་བདེ་བླག་ངང་གཉེར་བ་དེ་ཐོག་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཞི་བདེ་དང་། མཐུན་སྒྲིལ། ཡར་ཐོན་བཅས་ལ་བློ་ཁ་ཕྱོགས་ཞིང་ཡོད་པ་གསལ་བཤད་ཐུབ་ཡོད། ཧྥ་རན་སེའི་ལུས་རྩལ་པར་གྲུབ་འབྲས་བཟང་པོ་ཐོབ་པའི་རྟེན་འབྲེལ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།
        ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། 2021ལོར་ང་ཚོས་ཁ་པར་ཐོག་ནས་གླེང་མོལ་ཐེངས་གཉིས་བྱས་པ་དང་ཀྲུང་གོ་དང་། ཧྥ་རན་སེ། འཇར་མན་བཅས་ཀྱི་འགོ་ཁྲིད་པའི་བརྙན་ལམ་དབུ་ཚོགས་ལ་མཉམ་དུ་ཐེངས་གཉིས་ཞུགས་ནས་ཕྱོགས་གཉིས་པོའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ཡོད། ང་ཚོས་འབད་བརྩོན་བྱས་པར་གྲུབ་འབྲས་ཕུན་སུམ་ཚོགས་པོ་ཐོབ་ཡོད། ན་ནིང་ཕྱོགས་གཉིས་པོའི་ཚོང་དོན་དངུལ་འབོར་ཨ་སྒོར་དུང་ཕྱུར་800ལྷག་ཙམ་ཟིན་པ་དང་། ཀྲུང་གོ་ཕྱོགས་ཀྱིས་ཧྥ་རན་སེ་ནས་ནང་འདྲེན་བྱས་པའི་ཞིང་ལས་ཐོན་རྫས་བསྡོམས་འབོར་དུས་མཚུངས་ལས་40%འཕར་ཡོད། སྐབས་དང་པོའི་མི་ཐབས་རིག་ནུས་བགྲོ་གླེང་ཚོགས་འདུ་དང་ཞིང་ལས་ཚན་རྩལ་མཉམ་ལས་ཀྱི་བགྲོ་གླེང་ཚོགས་འདུ་སྔ་རྗེས་སུ་འཚོགས་ཤིང་། མཉམ་འབྲེལ་ཚོད་ལྟ་ཁང་གི་རྣམ་གྲངས་བསྡུ་རུབ་ཕྱོགས་སྟོན་ཐོག་མ་དུས་བཀག་ལྟར་ཁྱབ་བསྒྲགས་བྱས་པ་བཅས་དེ་དག་ཚང་མར་གསར་གཏོད་ཀྱི་དོན་སྙིང་ལྡན་ཡོད། ལོ་གསར་པའི་ནང་ཀྲུང་ཧྥ་ཕྱོགས་གཉིས་པོས་དགེ་མཚན་ལྡན་པ་དང་། སྐྱོན་བྲལ། ཡར་ཐོན་བཅས་ཀྱི་རྩ་བའི་དགོངས་གཞི་མུ་མཐུད་རྒྱུན་འཛིན་བྱས་ནས། ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་སྟངས་འཛིན་པའི་རྩ་དོན་ལ་གཞིགས་ཏེ་རིམ་པ་ཁག་གི་སྐད་ཆ་ཤོད་རེས་དང་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་དང་ཕན་ཚུན་ཤེས་རྟོགས་དང་ཡིད་ཆེས་བྱེད་ཤུགས་ཆེ་རུ་བཏང་ནས་ཀྲུང་ཧྥའི་མཉམ་ལས་ལ་གྲུབ་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས་ངེས་རེད།
        རྒྱལ་ཁབ་གཉིས་པོའི་གཙོ་བདག་དབར་དུས་མཚམས་རྗེས་མའི་ཕྱོགས་གཉིས་པོའི་མཉམ་ལས་ཐད་ཐུན་མོང་གི་ངོས་འཛིན་གལ་ཆེན་མང་པོ་བྱུང་ཡོད།
        གཅིག་ནས་ཞིང་ལས་ཚན་རྩལ་དང་ས་གནས་ཀྱི་ལེགས་ལྡན་ཞིང་ལས་ཐོན་ལས་ཀྱི་མཉམ་ལས་སྔ་ཙམ་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞིང་། ཀྲུང་གོ་ཕྱོགས་ཀྱི་བླང་བྱ་དང་མཐུན་པའི་ཧྥ་རན་སེའི་ཞིང་ལས་ཐོན་རྫས་ཁེ་ལས་དེ་བས་མང་བས་ཀྲུང་གོར་ཐོ་འགོད་བྱ་རྒྱུར་དགའ་བསུ་ཞུ་རྒྱུ་དང་།
        གཉིས་ནས་ཀྲུང་ཧྥའི“ལྗང་མདོག་བཟོ་སྐྲུན་གྱི་མཉམ་ལས་རོགས་ཟླའི”གྲོས་འགོ་གཏིང་ཟབ་ཏུ་བཏང་ནས་ཕ་རོལ་པོའི་ཁེ་ལས་རྒྱལ་ཁབ་འདི་གར་འཕེལ་རྒྱས་གཏོང་བར་དྲང་གཞག་དང་། གཞུང་དྲང་། མཐོང་ཆུང་མི་བྱེད་པ་བཅས་ཀྱི་ཚོང་གཉེར་ཁོར་ཡུག་མཁོ་འདོན་བྱ་རྒྱུ།
        གསུམ་ནས་ཧྥ་རན་སེའི་དངུལ་ཁང་དང་དངུལ་རྩའི་རྨང་གཞིའི་སྒྲིག་བཀོད་དེ་བས་མང་བ་མི་དམངས་ཤོག་སྒོར་རྒྱལ་མཚམས་སྒྲོལ་ནས་གཏོང་སྤྲོད་བྱེད་པའི་མ་ལག་དང་འབྲེལ་མཐུད་ཡོང་བར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞིང་། ཀྲུང་གོ་ཕྱོགས་ཀྱིས་འབྲེལ་ཡོད་གོ་རིམ་དང་ཚད་གཞི་གཞིར་བཟུང་། ཧྥ་རན་སེས་མ་རྩ་བཏང་བའི་དངུལ་ཁང་གི་འབྲེལ་ཡོད་དངུལ་རྩའི་ཐོབ་ཐང་རེ་ཞུ་བྱེད་པར་ཞིབ་མཆན་ཧུར་ཐག་འགོད་རྒྱུ།
        བཞི་ནས་རྒྱལ་ཁབ་གཉིས་པོའི་མཁའ་འགྲུལ་ཁེ་ལས་ཀྱིས་རྣམ་པ་སྣ་ཚོགས་ཀྱི་ཐོག་ནས་མཉམ་ལས་གཏིང་ཟབ་བྱེད་པར་རྒྱབ་སྐྱོར་བྱས་ཏེ་གནམ་གྲུ་ཕན་ཚུན་འཕུར་སྐྱོད་ཀྱི་བདེན་དཔང་ར་སྤྲོད་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ།
        ལྔ་ནས་ཕྱོགས་གསུམ་པའི་ཁྲོམ་རའི་མཉམ་ལས་ཀྱི་ཁག་བཞི་པའི་དཔེ་སྟོན་རྣམ་གྲངས་ཀྱི་གསལ་ཐོ་དོན་འཁྱོལ་བྱེད་མགྱོགས་སུ་གཏོང་རྒྱུ།
        དྲུག་ནས་ཀྲུང་གོ་དང་ཧྥ་རན་སེའི་དབར་གྱི་འཐབ་ཇུས་གླེང་མོལ་གྱི་བར་མཐོངས་ཚོགས་ཆུང་ཁག་བགོས་ཚོགས་འདུ་དང་དྲ་རྒྱའི་ཚོགས་ཆུང་ཁག་བགོས་ཚོགས་འདུ་སྔ་ཙམ་འཚོགས་ནས། གླིང་སྣེའི་ས་ཁུལ་དང་རྒྱ་མཚོའི་གླེང་མོལ་བྱས་ཏེ་དམག་དཔུང་གཉིས་ཀྱི་རིམ་པ་ཁག་དབར་གྱི་གླེང་མོལ་དང་སྤེལ་རེས་ལ་ཤུགས་སྣོན་རྒྱག་རྒྱུ་བཅས་རེད།
        མ་ཁེ་ལུང་གིས་མིག་སྔའི་ཡུག་རེན་གྱི་དུས་བབ་ལ་འཛིན་པའི་ལྟ་སྟངས་ངོ་སྤྲོད་གནང་བ་རེད། ཞི་ཅིན་ཕིང་གིས་འབྲེལ་ཡོད་ཕྱོགས་ཁག་གིས་ཆབ་སྲིད་ཐོག་ནས་ཐག་གཅོད་བྱེད་པའི་ཁ་ཕྱོགས་ཆེན་པོ་མཐའ་འཁྱོངས་བྱས་ཏེ་ནུའོ་མན་ཏི་ལམ་སྲོལ་ཚུད་པའི་ཕྱོགས་མང་ལས་སྟེགས་གང་ལེགས་སྤྱད་དེ་གླེང་མོལ་དང་གྲོས་མོལ་བརྒྱུད་ཡུག་རེན་གྱི་གནད་དོན་ཕྱོགས་ཡོངས་ནས་ཐག་གཅོད་ཡོང་བའི་འཚོལ་ཞིབ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
        ཕྱོགས་གཉིས་པོས་ད་དུང་ཐུན་མོང་ཐོག་དོ་ཁུར་བྱེད་པའི་གནད་དོན་གཞན་དག་ལ་དགོངས་འཆར་བརྗེ་རེས་གནང་བ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1