དབྱར་རྩྭ་དགུན་འབུའི་རིན་གོང་ཡར་འཕར་འདུག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 02-21



            ཚེས17ཉིན་ལོ་ངོ་སུམ་ཅུ་ལྷག་ཙམ་རིང་དབྱར་རྩྭ་དགུན་འབུའི་ཚོང་གཉེར་བྱས་པའི་ལུང་ཧྲེང་གིས“ཉེ་བའི་ལོ་ཤས་རིང་དབྱར་རྩྭ་དགུན་འབུའི་ཁྲོམ་ར་རིམ་བཞིན་སླར་གསོ་བྱུང་བ་དང་ཉོ་ཚོང་རིན་གོང་རིམ་པ་བཞིན་འཕར་གྱིན་ཡོད། ན་ནིང་ཚོང་ཁང་ནང་གི(དབྱར་རྩྭ་དགུན་འབུ)ཕྱིར་ཚོང་རིན་གོང་ནི་ཉེ་བའི་ལོ་ལྔའི་རིང་མཐོ་ཤོས་ཡིན་པ་དང་། ཁྲོམ་ར་ཧྲིལ་པོའི་ཉོ་ཚོང་རིན་གོང་ཡང‘མཐོ་ཤོས’སུ་སླེབས་ཡོད།”ཅེས་བཤད།

ཚོང་པས་མགྲོན་པོར་དབྱར་རྩྭ་དགུན་འབུ་འདེམས་བཞིན་པ།
            ཀྲུང་གོའི་དབྱར་རྩྭ་དགུན་འབུའི་ཐོན་ཚད་ཀྱིས་འཛམ་གླིང་གི་ཐོན་ཚད་ཀྱི98%ཟིན་པ་དང་། མཚོ་སྔོན་གྱི་དབྱར་རྩྭ་དགུན་འབུའི་ཐོན་ཚད་ཀྱིས་ཀྲུང་གོའི60%ཡན་ཟིན་ཡོད། རྫ་སྟོད་རྫོང་ནི་ཞིང་ཆེན་འདི་གའི་དབྱར་རྩྭ་དགུན་འབུ་ཡི་ཐོན་ཁུལ་གཙོ་བོའི་གྲས་ཤིག་ཡིན་པས་དེར་ཀྲུང་གོའི“དབྱར་རྩ་དགུན་འབུའི་རྫོང་དང་པོ”ཞེས་བརྗོད་ཀྱིན་ཡོད་ལ། གནས་འདི་ནས་ཐོན་པའི་དབྱར་རྩ་དགུན་འབུ་མགོ་ཆེ་བ་དང་། སྤུས་ཀ་བཟང་བ། ཁ་དོག་ལེགས་པ། མགོ་ཐུམ་རིང་བ་སོགས་ཀྱི་ཁྱད་ཆོས་ལྡན་ཡོད། དབྱར་རྩྭ་དགུན་འབུའི་རང་བྱུང་ཐོན་ཁུངས་ཧ་ཅང་རྩ་ཆེན་ཡིན་པར་བརྟེན“གསེར་མཉེན་པོ”ཞེས་ཀྱང་བརྗོད་ཀྱིན་ཡོད་པས། མཚོ་སྔོན་ཞིང་ཆེན་གྱི་ཞིང་འབྲོག་ས་ཡ་གཅིག་ལྷག་ལ་དབྱར་རྩྭ་དགུན་འབུའི་ཐོན་ལས་ཁྲོད་ནས་ཕན་ཁེ་ཐོབ་ཡོད་པ་རེད།

དབྱར་རྩྭ་དགུན་འབུ་འབྲིང་རབ།
            རྫ་སྟོད་རྫོང་ཞིང་འབྲོག་ཚན་རྩལ་ཅུས་ཀྱི་ཅུས་ཀྲང་བན་ཏེ་ཚེ་རིང་གིས། མཚམས་སྦྱོར་བྱས་དོན། བསྡོམས་རྩིས་རགས་ཙམ་བྱས་པར་གཞིགས་ན། 2021ལོར་རྫ་སྟོད་རྫོང་གི་དབྱར་རྩྭ་དགུན་འབུ་ཐོན་ཚད་རྒྱ་མ4000ཙམ་ཟིན་པ་དང་། ཉོ་ཚོང་རིན་གོང་རྒྱ་མ་རེར་སྒོར་ཁྲི4ནས་སྒོར་ཁྲི6(མི་དམངས་ཤོག་སྒོར། གཤམ་དང་མཚུངས)བར་ཡིན་པ་དང་ལོ་རེར་ཉོ་ཚོང་སྒོར་དུང་ཕྱུར20ཙམ་ཟིན་ཞིང་། ཉེ་བའི་ལོ་ལྔའི་རིང་དབྱར་རྩྭ་དགུན་འབུའི་རིན་གོང་རིམ་བཞིན་ཡར་འཕར་ཡོད་པ་རེད།
            རྫ་སྟོད་རྫོང་གི་འབྲོག་པ་ཚེ་རིང་ཟླ་བའི་ཁྱིམ་དུ་བཟའ་མི་བདུན་ཡོད་པ་དང་དབྱར་རྩྭ་དགུན་འབུ་ནི་འཚོ་རྟེན་གཙོ་བོ་ཡིན། ཁོང་གིས“2021ལོར་ངེད་ཚང་གིས་ཁྱོན་བསྡོམས་དབྱར་རྩྭ་དགུན་འབུ་རྒྱ་མ7དང་རྐང10500བརྐོས་པས་ཁྱོན་བསྡོམས་སྒོར་ཁྲི35.2ལྟར་བཙོངས་པ་ཡིན། ལྷག་པར་དུ་འབྲིང་རབ་ཀྱི་དབྱར་རྩྭ་དགུན་འབུའི་རིན་གོང་རིམ་བཞིན་ཡར་འཕར་གྱིན་འདུག”ཅེས་བཤད།

ཚོང་བདག་གིས་དབྱར་རྩྭ་དགུན་འབུ་ལེགས་སྐྱེས་སྒམ་ནང་འཇོག་བཞིན་པ།
            ཚོང་ཁང་ནང་གི་དབྱར་རྩྭ་དགུན་འབུ་ཡང་གཙོ་བོ་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་རྫ་སྟོད་རྫོང་ནས་ཡིན་པ་དང་། ང་ཚོས་བསྡུས་པ་ཡང་དབྱར་རྩྭ་དགུན་འབུ་འབྲིང་རབ་ཀྱི་གྲས་ཡིན། 2021ལོར་འབྲིང་རབ་ཅན་གྱི་དབྱར་རྩྭ་དགུན་འབུའི་རིན་གོང་རྒྱ་མ་རེར་སྒོར་ཁྲི9ནས་སྒོར་ཁྲི13བར་འཕར་བ་དང་། སྤུས་ལེགས་དབྱར་རྩྭ་དགུན་འབུའི་རིན་གོང་རྒྱ་མ་རེར་སྒོར་ཁྲི10ནས་སྒོར་ཁྲི16བར་འཕར་ནས་ཉོ་ཚོང་རིན་གོང་ཉེ་བའི་ལོ་ལྔའི་རིང‘མཐོ་ཤོས’སུ་སླེབས་ཡོད།”ལུང་ཧྲེང་གིས་ད་ལོའི་ལུགས་རྙིང་གི་དཔྱིད་གསར་དུས་ཆེན་རིང་ཀྲུའུ་ཅང་ཟུར་གསུམ་གླིང་དང་འབྲི་ཆུའི་ཟུར་གསུམ་གླིང་གི་སྐུ་མགྲོན་རྙིང་པ་སྐོར་ཞིག་གིས་དབྱར་རྩྭ་དགུན་འབུ་ཁག་ཅིག་སྔོན་མངགས་བྱས་ཡོད་ཅེས་བཤད།
            གཞན་ཡང་ཟི་ལིང་འགག་སྒོ་ནས་རྒྱུས་ལོན་བྱུང་བ་ལྟར་ན། 2021ལོར་མཚོ་སྔོན་ཞིང་ཆེན་གྱི་དབྱར་རྩྭ་དགུན་འབུ་ཕྱིར་གཏོང་བྱེད་ཚད་སྒོར་ཁྲི6998ཟིན་པ་དེ་དུས་མཚུངས་ལས48%འཕར་ཡོད་ཟེར། 

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1