2021ལོར་བོད་ལྗོངས་ཀྱི་ཞིང་ལས་དང་ཞིང་སྡེའི་ལས་དོན་བརྟན་ཐོག་ཡར་འཕེལ་བྱུང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 02-21




          ཉེ་སྔོན། གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། 2021ལོར་བོད་རང་སྐྱོང་ལྗོངས་ཀྱི་ཞིང་ལས་དང་ཞིང་སྡེའི་ལས་དོན་ལ་བརྟན་ཐོག་སྲ་བརྟན་དང་བརྟན་ཐོག་ཡར་འཕེལ་གྱི་རྣམ་པ་ལེགས་པོ་མངོན་ཡོད། ལྗོངས་ཡོངས་ཀྱི་ཞིང་སྡེའི་གྲོང་མི་མི་རེའི་ཆ་སྙོམས་བཀོད་སྤྱོད་ཆོག་པའི་ཡོང་འབབ་སྒོར16935ལ་སླེབས་པ་དང་། དེ་ལོ་གོང་མའི་དུས་མཉམ་ལས16%འཕར་ཡོད་ལ། འཕར་ཚད་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས5.5ཡི་མཐོ་བ་རེད། ལྗོངས་ཡོངས་ཀྱི་ནས་དང་། སྔོ་ཚལ། ཤ་དང་འོ་མ་བཅས་ཐོན་འབབ་ལེགས་པས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།

          གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། 2021ལོར་བོད་ལྗོངས་ཀྱི་ཞིང་ཕྱུགས་ཐོན་རྫས་ལས་སྣོན་ལས་རིགས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར63.57ཟིན་པ་དང་། དེ་ལོ་གོང་མའི་དུས་མཉམ་ལས11.5%འཕར་ཡོད་ལ། ཞིང་ཕྱུགས་ཐོན་རྫས་ལས་སྣོན་བྱེད་ཚད20%ཟིན་པ་དེ་ལོ་གོང་མའི་དུས་མཉམ་ལས་བརྒྱ་ཆའི་གྲངས5མཐོ་རུ་ཕྱིན་ཞིང་། ལྗོངས་ཡོངས་ཀྱི་འབྲུ་རིགས་འདེབས་འཛུགས་རྒྱ་ཁྱོན་དང་། ཐོན་འབོར། མུའུ་རེའི་ཐོན་ཚད་བཅས“འཕར་བ་གསུམ”མངོན་འགྱུར་བྱུང་ལ། རྨོ་ཞིང་མུའུ་ཁྲི200ཡི་སྤུས་ཚད་མཐོར་འདེགས་སུ་གཏོང་བའི་ལས་འགན་ལེགས་གྲུབ་བྱུང་ཡོད། ཞིང་ལས་ལོ་ཏོག་རྨོ་འདེབས་དང་བསྡུ་ལེན་འཕྲུལ་ཆས་ཅན་དུ་འགྱུར་ཚད66.1%ལ་སླེབས་པ་དང་། ཕྱུགས་ཟོག་མགོ་གྲངས་ཁྲི440.08བཤས་གཏོང་བྱས་པ་དང་ཁྲི1692.52གསོ་ཚགས་བྱས་ཡོད། ཞིང་ལས་ཐོན་སྐྱེད་ཀྱི་རྒུད་སྐྱོབ་མ་དངུལ་སྒོར་དུང་ཕྱུར1.28གཤམ་སྤྲོད་བྱས་པ་དང་། ལྗོངས་ཡོངས་སུ་གནོད་འགོག་གེགས་སེལ་གྱི་གཟན་རྩྭ་ཏུན་ཁྲི108གསོག་འཇོག་བྱས་ཡོད། 

          དེ་དང་ཆབས་ཅིག བོད་ལྗོངས་ཀྱི་མཐོ་སྒང་ཁྱད་ལྡན་ཞིང་ཕྱུགས་ལས་རྟེན་གཞི་ཆེན་པོ་བཅུ་འཛུགས་སྐྲུན་གྱི་འཕེལ་རིམ་བདེ་བླག་བྱུང་ཡོད། རྒྱལ་ཁབ་རིམ་པ་དང་རང་སྐྱོང་ལྗོངས་རིམ་པའི་ཞིང་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་སོ་སོར་ཁེ་ལས4དང་ཁེ་ལས14གསར་སྣོན་བྱུང་བ་དང་། རིམ་པ་ཁག་གི་སྣེ་འདྲེན་ཁེ་ལས་ཀྱི་བསྡོམས་གྲངས165ལ་སླེབས་ཡོད། རོང་འབྲོག་པའི་ཆེད་ལས་མཉམ་ལས་ཁང12740དང་། ཁྱིམ་ཚང་ཞིང་ཕྱུགས་ར་བ9703བཅས་ཡོད། ཞིང་ལས་ཐོན་རྫས་འཁོར་རྒྱུག་མ་ལག་འཛུགས་སྐྲུན་བྱེད་མགོ་བརྩམས་ནས་ཚོང་འགུགས་མ་འདྲེན་གྱི་རྣམ་གྲངས20ལ་མིང་རྟགས་བཀོད་པ་དང་མ་དངུལ་སྒོར་དུང་ཕྱུར15.55ཟིན་ཡོད་ལ། མིག་སྔར་རྣམ་གྲངས12དངོས་སུ་ལག་བསྟར་བྱེད་མགོ་ཚུགས་པ་རེད། མིག་སྔའི་བར་བོད་ལྗོངས་སུ་རྒྱལ་ཡོངས་ཀྱི“གྲོང་ཚོ་རེར་སྤུས་རྟགས་རེའི”དཔེ་སྟོན་གྲོང་ཚོ་དང་གྲོང་རྡལ52དང་ཀྲུང་གོའི་མཛེས་སྡུག་ལྡན་པའི་སྤྲོ་གསེང་གྲོང་གསེབ27ཡོད།

          གཞན་ཡང་། 2021ལོར་ཞིང་སྡེའི་ཁྱིམ་སྤྱོད་འཕྲོད་བསྟེན་གསང་སྤྱོད་ཁང་ཁྲི4.66སྒྱུར་བཀོད་བྱས་པ་དང་། མཛེས་ཤིང་འཚོ་སྡོད་ལ་འཚམ་པའི་དཔེ་སྟོན་གྲོང་ཚོ155གསར་སྐྲུན་བྱས་ནས་བསྡོམས་གྲངས275ལ་སླེབས་པ་དང་། གྲོང་ཚོའི་ཐུན་མོང་ཐོན་དབང་ལམ་ལུགས་བཅོས་སྒྱུར་གྱི་དུས་མཚམས་རང་བཞིན་གྱི་ལས་འགན་ལེགས་འགྲུབ་བྱུང་ཡོད། “ལོ་ལྔའི་འཆར་གཞི་བཅུ་བཞི་པའི”རྣམ་གྲངས267གྲབས་གསོག་བྱས་པར་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར4700བཏང་བ་དང་། 2021ལོའི་རྣམ་གྲངས་ལས་མགོ་ཚུགས་ཚད61.8%ཟིན་ལ། 2022ལོའི་ལོ་འཁོར་གྱི་སྤོ་སྒྱུར་གཏོང་སྤྲོད་མ་དངུལ་སྒོར་དུང་ཕྱུར60.16སྔ་སྣུར་དུ་གཤམ་སྤྲོད་བྱས། ཚན་རྩལ་གྱི་འདེགས་སྐྱོར་ནུས་པ་ཤུགས་ཆེར་བཏང་ནས་ཞིང་ལས་འདེབས་འཛུགས་ཀྱི་ཐོན་ཁུངས་གྲལ་བཤེར་ལས་དོན་གྱི་ལོ་འཁོར་ལས་འགན་ལེགས་འགྲུབ་བྱུང་། བྱང་ཚད་མཐོ་བའི་ཞིང་བ་དང་ཞིང་སྡེའི་ཤེས་ལྡན་མི་སྣའམ་སྣེ་ཁྲིད་པ4700ལ་གསོ་སྦྱོང་བཅས་བྱས་ཡོད། །

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1