2022ལོའི་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ་ཡོངས་བསྒྲགས་བྱས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 02-24


2022ལོའི་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ་ཡོངས་བསྒྲགས་བྱས་ནས།
གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་གཙོ་གནད་ལས་དོན་བཏོན་པ།
        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་22ཉིན་གློག་འཕྲིན་འབྱོར་གསལ། དུས་རབས་21པ་ནས་བཟུང་། “ཞིང་གསུམ”ལས་དོན་ལ་མཛུབ་ཁྲིད་བྱེད་ཐེངས་19ཡིན་པའི་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ་ཚེས་22ཉིན་ཤིན་ཧྭ་གསར་འགྱུར་ཁང་གིས་དབང་བསྐུར་ལྟར་ཡོངས་བསྒྲགས་བྱས་པ་རེད།

        《2022ལོར་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་གཙོ་གནད་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསམ་འཆར》ཞེས་འགོ་བརྗོད་དུ་འཁོད་པའི་ཡིག་ཆ་དེར་ཁྱོན་ནང་དོན་ཁག་8ཡོད་པ་དང་། དེའི་ནང་འབྲུ་རིགས་ཐོན་སྐྱེད་དང་ཞིང་ལས་ཐོན་རྫས་གལ་ཆེན་མཁོ་སྤྲོད་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱེད་པ་དང་། དེང་རབས་ཞིང་ལས་ཀྱི་རྨང་གཞིའི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། གཞི་ཁྱོན་རང་བཞིན་གྱི་དབུལ་ལོག་མི་ཐོན་པའི་མཐའ་ཚད་མཐའ་གཅིག་ཏུ་སྲུང་བ། ཐོན་ལས་ལ་དམིགས་ནས་གྲོང་གསེབ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་བརྟན་པོ་གཏོང་བ། ཕན་འབྲས་མངོན་གསལ་དོད་པོས་གྲོང་གསེབ་བཅོས་སྐྱོང་ལེགས་སུ་གཏོང་བ། སྲིད་ཇུས་ཀྱི་འགན་ལེན་དང་སྒྲིག་སྲོལ་ལམ་སྲོལ་གསར་གཏོད་བྱེད་ཤུགས་ཆེ་རུ་གཏོང་བ། ཏང་གིས“ཞིང་གསུམ”ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་ཤུགས་སྣོན་རྒྱག་པ་བཅས་ཚུད་ཡོད་པ་རེད།
        ཡིག་ཆའི་ནང་བསྟན་དོན། དེང་སྐབས་གོ་ལ་ཧྲིལ་པོར་ཏོག་གསར་གློ་ཚད་རིམས་ནད་སྔར་བཞིན་མཆེད་བཞིན་ཡོད་པ་དང་། འཛམ་གླིང་གི་དཔལ་འབྱོར་སླར་གསོ་བྱེད་དཀའ་བ། གནམ་གཤིས་འགྱུར་ལྡོག་གི་འགྲན་སློང་མངོན་གསལ་དོད་པ། རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་འགན་ཁག་ལྗིད་རྫོབ་ཆེ་ལ་དཀའ་ཚེགས་ཆེ་བ་ཞིག་བཅས་ཡོད། ཏང་ཀྲུང་དབྱང་གིས་ལོ་བརྒྱའི་འགྱུར་ལྡོག་ཆེན་པོ་དང་དུས་རབས་ཀྱི་རིམས་ནད་གནས་ཚུལ་ལ་བབ་བརླིང་ངང་ཁ་གཏད་གཅོག་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་བརྟན་ལ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས་ན། ངེས་པར་དུ་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་གྱི་དགོས་མཁོར་དམིགས་ཏེ། ཞིང་ལས་ཀྱི་གཞི་གདན་བརྟན་དུ་གཏོང་བ་དང་། “ཞིང་གསུམ”ལས་དོན་ཡག་པོ་སྒྲུབ་པ། གྲོང་གསེབ་དར་རྒྱས་ལ་རྒྱུན་མཐུད་དང་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཞིང་ལས་ཐོན་ཚད་བརྟན་པོ་དང་། ཞིང་པར་འབབ་འཕར་བརྟན་པོ། གྲོང་གསེབ་བརྟན་ལྷིང་ཞོད་འཇགས་བཅས་ཡོང་བར་འགན་ལེན་བྱེད་དགོས་པའི་ངོས་འཛིན་བྱས་པ་རེད།
        ཡིག་ཆའི་ནང་བཏོན་དོན། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་ལེན་དང་གཞི་ཁྱོན་རང་བཞིན་གྱི་དབུལ་ལོག་མི་ཐོན་པའི་མཐའ་ཚད་གཉིས་བརྟན་པོར་བསྲུངས་ནས་ལོ་འཁོར་རང་བཞིན་གྱི་ལས་འགན་དང་། དམིགས་སའི་རང་བཞིན་གྱི་བྱེད་ཐབས། དངོས་ཕན་རང་བཞིན་གྱི་སྟོན་ཕྱོགས་བཅས་མངོན་གསལ་དོད་པོ་ཡོང་བ་དང་། གྲོང་གསེབ་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་གྲོང་གསེབ་འཕེལ་རྒྱས་དང་། གྲོང་གསེབ་འཛུགས་སྐྲུན། གྲོང་གསེབ་བཅོས་སྐྱོང་བཅས་ཀྱི་གཙོ་གནད་ལས་དོན་ཏན་ཏིག་དང་གོ་རིམ་ལྡན་པའི་ངང་ཡག་པོ་སྒྲུབ་དགོས།
        ཀྲུང་དབྱང་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་འབྲེལ་ཡོད་འགན་འཁུར་བས། བརྟན་ལྷིང་གཙོར་བཟུང་དང་བརྟན་ཐོག་ཡར་འཕེལ་མཐའ་འཁྱོངས་ཀྱིས་གཙོ་གནད་ལས་དོན་ལ་ཏན་ཏིག་དང་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ་དང་། རྒྱུན་གཏན་ལས་བརྒལ་བའི་ཤུགས་ཚད་དང་དེ་བས་ཆེ་བའི་ལག་བསྟར་བྱེད་ཤུགས་ལ་བརྟེན་ནས་འདི་ལོའི“ཞིང་གསུམ”ལས་དོན་ཁག་ཆད་ལུས་མེད་པར་ལེགས་སྒྲུབ་བྱས་ཏེ། གྲོང་གསེབ་དར་རྒྱས་ལ་འཕེལ་རྒྱས་གསར་པ་ཡོང་བ་དང་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་གྱི་ཕྱོགས་སུ་གོམ་སྟབས་གསར་པ་སྤོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1