20འབྲོག་ཁུལ་གྱི་རང་བྱུང་རྩྭ་སའི་ལེགས་སྒྱུར་ལག་རྩལ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-25


ས་བཅད་དང་པོ། རང་བྱུང་རྩྭ་སའི་རྣམ་པ།

ལིའང་ཧྲན་ཁུལ་གྱི་རང་བྱུང་རྩྭ་ས་ལ་གཙོ་བོ་རི་མཐོའི་རྩྭ་ས་དང་རི་མཐོ་བར་མའི་རྩྭ་ས། དེའུ་འབུར་རྩྭ་ས། ཚ་རོང་རྩྭ་ས་བཅས་ཡོད།

མཚོ་འཕགས་སྨི་3500ཡན་གྱི་རི་བོའི་རང་བྱུང་རྩྭ་སའི་རྣམ་པ་ལ་མཐོ་གྲང་སྤང་གཞུང་རྩྭ་ས་དང་གྲང་མཐོ་སྡོང་ཕྲན་རྩྭ་ས། སྡོང་པོ་ཐོར་སྐྱེས་ཀྱི་ས་ཁུལ་སོགས་ཡོད་པ་དང་། སྐྱེ་དངོས་གཙོ་བོ་ལ་བརླན་སྐྱེས་སྐྱེ་དངོས་ཀྱི་རིགས་དང་སྙེ་མ་ཅན་གྱི་སྐྱེ་དངོས་ཀྱི་རིགས་ཡོད། རྩི་ཤིང་གཙོ་བོ་ལ་སི་ཁྲོན་གྱི་རྩྭ་མཁན་པ་སོགས་བརླན་སྐྱེས་རྩི་ཤིང་གི་རིགས་དང་འཇག་རྩྭ། སྨིན་སྔ་བའི་སྙེ་མ་ཅན་གྱི་རྩྭ་ཕྲན་སོགས་དང་། བྲ་བོ་དང་ཁུར་མོང་སོགས་རྩྭ་ལྡུམ་གྱི་རིགས། གཞན་ད་དུང་སྟག་མ་དང་ཀླུང་ལྕང་ནག་པོ། སྨྱུག་མ། སྟར་བུ་སོགས་ཀྱིས་གཙོས་པའི་རི་མཐོའི་སྡོང་ཕྲན་ཡང་ཡོད།

མཚོ་འཕགས་སྨི་1500 ~ 3500ཡི་རི་མཐོ་བར་མའི་རང་བྱུང་རྩྭ་སའི་རྣམ་པ་གཙོ་བོ་ནི་རི་ཁུལ་སྤང་གཞུང་རྩྭ་ས་དང་རི་ཁུལ་ནགས་ཚལ་རྩྭ་ས། རི་ཁུལ་སྡོང་ཐུང་རྩྭ་ས། རི་ཁུལ་རྩྭ་རྫོབ་རྩྭ་ས་སོགས་ཡིན་ཞིང་། གཟན་རྩྭ་གཙོ་བོ་ནི་སྙེ་མའི་རིགས་དང་སྲན་རིགས་ཡིན། རྩི་ཤིང་གཙོ་བོ་ལ་སྤོས་དཀར་དང་འཇག་མ་སོགས་སྙེ་མའི་རིགས་དང་། གྲ་མ་དང་གྲོ་མ་སོགས་ལྡུམ་བུའི་རིགས། གཞན་ད་དུང་ཐང་ནག་དང་ཤུག་པ། སྟག་མ་སོགས་སྡོང་ཐུང་གི་རིགས་ཀྱང་ཡོད།

མཚོ་འཕགས་སྨི་1500ཡི་མན་ནི་དེའུ་འབུར་ཁུལ་ཡིན་ཞིང་། རང་བྱུང་རྩྭ་སའི་རྣམ་པ་གཙོ་བོ་ནི་རྩྭ་རྫོབ་རྩྭ་ས་དང་ཞིང་རྒོད་རྩྭ་ས་ཡིན། རྩི་ཤིང་གཙོ་བོ་ནི་འཇག་མ་དང་གྲ་མ་སོགས་རི་ཁུལ་གྱི་རྩྭ་རྫོབ་ཡིན་ཞིང་། གཞན་ད་དུང་ཤུག་པ་དང་སྟག་མ་སོགས་སྡོང་ཐུང་གི་རིགས་ཀྱང་སྐྱེས།

ཚ་རོང་ས་ཁུལ། རང་བྱུང་རྩྭ་སའི་རྣམ་པ་གཙོ་བོ་ནི་རོང་སྐམ་སྡོང་ཐུང་རིགས་ཀྱི་རྩྭ་རྫོབ་རྩྭ་ས་དང་ཚ་བ་ཆེ་བའི་སྡོང་ཐོར་རྩྭ་རྫོབ་རྩྭ་ས་ཡིན།

ས་བཅད་གཉིས་པ། མཚོ་འཕགས་མཐོ་བའི་རང་བྱུང་རྩྭ་སའི་ལེགས་སྒྱུར་དང་དོ་དམ་བྱེད་ཐབས།

མཚོ་འཕགས་སྨི་3500ཡན་གྱི་མཐོ་གྲང་སྤང་གཞུང་རྩྭ་ས་དང་མཐོ་གྲང་སྡོང་ཕྲན་རྩྭ་ས། རི་ཁུལ་སྡོང་ཐོར་རྩྭ་ས་བཅས་ནི་ལེགས་སྒྱུར་བྱ་ཡུལ་གཙོ་བོ་ཡིན།

1. ཕྱུགས་སྐྱོང་བཀག་སྡོམ།

(1)ལིའང་ཧྲན་ཁུལ་གྱི་མཚོ་འཕགས་སྨི་3500ཡན་གྱི་ས་ཁོངས་ལ་འཚམ། ས་ཁོངས་དེའི་རང་བྱུང་རྩྭ་སའི་སྐྱེ་ཁམས་ཀྱི་གཏན་འཇགས་རང་བཞིན་ཤིན་ཏུ་ཞན། ས་ཁོངས་དེ་དག་ཏུ་རྩྭ་སའི་ཤོང་ཚད་ལས་བརྒལ་ནས་ཕྱུགས་ཟོག་འཚོ་སྐྱོང་བྱས་པས་སྐྱེ་དངོས་ཇེ་ཉུང་དང་སྐྱེ་ཁམས་ཁོར་ཡུག་ལ་གནོད་པ་ཚབས་ཆེན་ཐེབས་ཡོད་པས། ཕྱུགས་ཟོག་འཚོ་སྐྱོང་གི་མཚམས་འཇོག་པའི་བྱེད་ཐབས་ལག་བསྟར་བྱ་དགོས། ཕྱུགས་སྐྱོང་བཀག་སྡོམ་ནི་ཕྱུགས་ཟོག་འཚོ་སྐྱོང་གིས་སྐྱེ་དངོས་ལ་གནོད་ཤུགས་ཐེབས་པ་བསལ་ནས་སྐྱེ་དངོས་ཀྱི་འཚོ་སྡོད་ཁོར་ཡུག་ལེགས་བཅོས་དང་རྩི་ཤིང་གི(སླར་གསོ)སྐྱེ་འཕེལ་ལ་སྐུལ་འདེད་ཀྱི་ནུས་པ་ཐོན་པའི་ཆེད་དུ་ཡིན།

ཕྱུགས་སྐྱོང་བཀག་སྡོམ་གྱི་བྱེད་ཐབས་དེ་ཕྱུགས་ཟོག་འཚོ་སྐྱོང་ལ་བེད་སྤྱོད་བྱེད་པར་མི་འཚམ་པའི་རྩྭ་ས་ཡོངས་ལ(གནས་སྐབས་དང་ཡུན་རིང་ལ།)སྤྱོད་པར་འཚམ། ཕུགས་ཡུན་རང་བཞིན་གྱི་ཕྱུགས་སྐྱོང་བཀག་སྡོམ་ནི་ཕྱུགས་འཚོ་མཚམས་འཇོག་པ་དང་མཚུངས་ཤིང་། སྤྱིར་བཏང་དུ་ཕྱུགས་འཚོ་སྐྱོང་ལ་བེད་སྤྱོད་བྱེད་པར་མི་འཚམ་པའི་དམིགས་བསལ་གྱི་ས་ཁུལ་དུ་ལག་བསྟར་བྱེད་པ་ཡིན། ཕྱུགས་སྐྱོང་བཀག་སྡོམ་གྱི་བྱེད་ཐབས་དེ་སྤྱིར་བཏང་དུ་ཤོང་ཚད་ལས་བརྒལ་ཏེ་ཕྱུགས་ཟོག་འཚོ་སྐྱོང་བྱས་ནས་རྩི་ཤིང་ཇེ་ཉུང་དུ་གྱུར་བ་དང་སྐྱེ་ཁམས་ཀྱི་ཁོར་ཡུག་ལ་གནོད་པ་ཚབས་ཆེན་ཐེབས་པའི་ས་ཆར་ལག་བསྟར་བྱེད་པ་ཡིན། ཕྱུགས་ཟོག་བཀག་སྡོམ་རྩྭ་སར་ཡོང་བར་སྔོན་འགོག་བྱ་ཆེད། སྤྱིར་བཏང་དུ་ལྕགས་ར་བསྐོར་དགོས་པ་དང་། ལྕགས་རའི་འཛུགས་སྐྲུན་ནི་ཞིང་ལས་པུའུ་ཡི་NY/T1237-2006《རྩྭ་ཐང་ལྕགས་རའི་འཛུགས་སྐྲུན་ལག་རྩལ་གྱི་སྒྲིག་སྲོལ་དང་ལས་རིམ།》གྱི་ཚད་གཞི་དང་རྒྱལ་ཁབ་འཕྲུལ་ཆས་བཟོ་ལས་ཅུས་ཀྱི《JB/Tལྕགས་རའི་ཚད་གཞི། 》དང་མཐུན་དགོས།

(2)ཕྱུགས་སྐྱོང་བཀག་སྡོམ་གྱི་དུས་ཡུན་ནི་ས་གནས་དེ་གའི་རྩྭ་ས་ཞན་གྱུར་གྱི་ཚད་རིམ་གཞིར་བཟུང་ནས་གཏན་འཁེལ་བྱ་དགོས་ཤིང་། སྐྱེ་དངོས་ཤིག་གི་སྐྱེས་ཡུན(ལོ་གཅིག)དེ་ཆེས་ཐུང་བའི་དུས་ཚད་ཡིན། ཕྱུགས་སྐྱོང་བཀག་སྡོམ་རྗེས་ཀྱི་སྐྱེ་དངོས་ཀྱི་སླར་གསོའི་གནས་ཚུལ་ལ་གཞིགས་ནས་ཕྱུགས་སྐྱོང་བཀག་སྡོམ་བསྟུད་མར་ལོ་འགའ་ལ་རྒྱུན་བསྐྱངས་ཆོག་པ་ཡིན།

(3)སྤྱིར་བཏང་དུ་རིམ་པ་དང་པོའི་ཐོན་སྐྱེད་ནུས་ཤུགས་དང་སྐྱེ་དངོས་ཀྱི་ཁེབས་ཚད་ནི་ཕྱུགས་སྐྱོང་བཀག་སྡོམ་ཕྱིར་འཐེན་གྱི་གཞི་འཛིན་ས་གཙོ་བོ་ཞིག་ཏུ་ངོས་འཛིན། བྱེ་བྲག་གི་གནས་ཚུལ་ལྟར་ལོ་སྔོན་མའི་རིམ་པ་དང་པོའི་ཐོན་སྐྱེད་ནུས་ཤུགས་ཀྱི་ཆེས་མཐོ་བའི་ཐོན་སྐྱེད་ཀྱི་ཚད་སྟོང་ཁེ་600ཡི་སྤྱི་ཆིངས་རེའི་སྐྱེ་དངོས་སྐམ་པོ་ལས་བརྒལ་བ་དང་། སྐྱེ་འཕེལ་དུས་ཚིགས་སུ་སྐྱེ་དངོས་ཀྱི་ཁེབས་ཚད་50%ལས་བརྒལ་བའི་སྐབས་སུའང་ཕྱུགས་སྐྱོང་བཀག་སྡོམ་ཕྱིར་འཐེན་བྱ་ཆོག །གཞན་ད་དུང་ས་གནས་དེ་གའི་རྩྭ་ཐང་གི་གཞུང་ལུགས་ཀྱི་ཤོང་ཚད་ཀྱང་དཔྱད་གཞིར་བཟུང་ཆོག ཕྱུགས་སྐྱོང་བཀག་སྡོམ་ས་ཁུལ་གྱི་ལོ་རེའི་ཐོན་ཚད་ས་གནས་དེ་གའི་གཞུང་ལུགས་ཀྱི་ཤོང་ཚད་ལས་བརྒལ་བའི་ཆ་རྐྱེན་འོག་ཕྱུགས་ཟོག་གི་ལོ་རེའི་རྩྭའི་མཁོ་ཚད་ལྡབ་གཉིས་ཡིན་པའི་སྐབས་སུའང་ཕྱུགས་སྐྱོང་བཀག་སྡོམ་ཕྱིར་འཐེན་བྱས་ཆོག ཕྱུགས་སྐྱོང་བཀག་སྡོམ་ཕྱིར་འཐེན་བྱས་རྗེས་རྩྭ་ཐང་ལ་ས་མཚམས་བགོས་ནས་ཕྱུགས་འཚོ་རེས་དང་ཕྱུགས་འཚོ་མཚམས་འཇོག་པའི་བྱེད་ཐབས་ལག་བསྟར་བྱས་ཆོག

2. ཕྱུགས་འཚོ་མཚམས་འཇོག་པ།

(1)འོས་འཚམ་གྱི་ས་ཁོངས་སུ་ཕྱུགས་འཚོ་མཚམས་འཇོག་པ་ནི་སྐྱེ་དངོས་སྐྱེས་འཕེལ་གྱི་དམིགས་བསལ་དུས་རིམ་དུ་ཕྱུགས་ཟོག་འཚོ་སྐྱོང་བྱས་པར་བརྟེན། ཐོན་སྐྱེད་ལ་ཐེབས་པའི་གནོད་པ་བསལ་ནས་སྐྱེས་དངོས་ཀྱི་སྐྱེ་འཕེལ་ལ་སྐུལ་འདེད་དང་འགན་སྲུང་བྱེད་པའི་ཆེད་དུ་ཡིན། ལིའང་ཧྲན་ཁུལ་གྱི་མཚོ་འཕགས་སྨི་3500ཡན་གྱི་ས་ཁོངས་སུ་སྤྱིར་བཏང་དུ་དཔྱིད་ཁར་ལྗང་མྱུག་འབུས་པ་དང་རྩྭ་ཕྲན་སྐྱེས་པ། སྟོན་ཁར་འབྲས་སུ་སྨིན་པའི་དུས་སྐབས་སུ་ཕྱུགས་འཚོ་མཚམས་འཇོག་པར་འཚམ། ས་ཁོངས་དེ་གར་ཕྱུགས་སྐྱོང་བཀག་སྡོམ་ལག་བསྟར་བྱས་རྗེས་ཀྱི་རང་བྱུང་རྩྭ་སར་ཡང་རྩྭ་སའི་གནས་ཚུལ་དངོས་ལ་གཞིགས་ནས་ཕྱུགས་འཚོ་མཚམས་འཇོག་པ་ལག་བསྟར་བྱ་དགོས།

(2)ཕྱུགས་འཚོ་མཚམས་འཇོག་པའི་དུས་ཚད།

དཔྱིད་ཀར་ཕྱུགས་འཚོ་མཚམས་འཇོག་པ་ནི་ལོ་རེའི་ཟླ་བཞི་བའི་ཟླ་སྟོད་དུ་འགོ་བརྩམ་དགོས། ལོ་འབྲས་སྨིན་པའི་སྐབས་ཀྱི་ཕྱུགས་འཚོ་མཚམས་འཇོག་པའི་དུས་ནི་དབྱར་མཇུག་གམ་སྟོན་མགོ་ནས་འགོ་བརྩམ་དགོས། ས་ཁོངས་དེ་གའི་རྩི་ཤིང་གཙོ་བོར་མེ་ཏོག་བཞད་པའི་དུས་ཚིགས་ནི་དཔྱད་གྲངས་གཙོ་བོར་འཛིན་དགོས། དུས་སྐབས་གཞན་པར་ཕྱུགས་འཚོ་མཚམས་འཇོག་པར་བྱེ་བྲག་གི་གནས་ཚུལ་ལ་གཞིགས་ནས་ཕྱུགས་འཚོ་མཚམས་འཇོག་པ་འགོ་བརྩམས་པའི་དུས་ཚོད་གཏན་འཁེལ་བྱ་དགོས།

དཔྱིད་ཀའི་དུས་ཚིགས་ལ་སྤྱིར་བཏང་དུ་ཟླ་དྲུག་པའི་ཟླ་དཀྱིལ་དུ་ཕྱུགས་འཚོ་མཚམས་འཇོག་པའི་བྱེད་ཐབས་མཚམས་འཇོག་དགོས་པ་དང་། རྩྭ་སའི་གནས་ཚུལ་དང་གནམ་གཤིས་ཀྱི་ཁྱད་ཆོས་གཞིར་བཟུང་ནས་བྱེ་བྲག་གི་དུས་ཚོད་སྙོམ་སྒྲིག་བྱས་ཆོག དུས་སྐབས་གཞན་པར་ཕྱུགས་འཚོ་མཚམས་འཇོག་པའི་བྱེད་ཐབས་ལག་བསྟར་བྱེད་པར་བྱེ་བྲག་གི་གནས་ཚུལ་གཞིར་བཟུང་ནས་ཕྱུགས་འཚོ་མཚམས་འཇོག་པའི་བྱེད་ཐབས་དང་མཚམས་འཇོག་པའི་དུས་ཚོད་གཏན་འཁེལ་བྱ་དགོས།

(3)ཕྱུགས་འཚོ་མཚམས་འཇོག་པ་དང་ཕྱུགས་སྐྱོང་བཀག་སྡོམ་གྱི་ཁྱད་པར།

ཕྱུགས་སྐྱོང་བཀག་སྡོམ་དང་ཕྱུགས་འཚོ་མཚམས་འཇོག་པ་གཉིས་ཀས་ཞན་གྱུར་གྱི་རང་བྱུང་རྩྭ་སའི་མིས་བཟོས་རྒྱུ་རྐྱེན་ལེགས་བཅོས་བྱེད་པ་ཡིན་ཞིང་། དེ་རང་བྱུང་སླར་གསོ་ལ་བརྟེན་དགོས་པ་དང་དུས་ཚོད་རིང་པོ་དགོས། ཡིན་ནའང་དེ་གཉིས་ཀྱིས་སི་ཁྲོན་ཞིང་ཆེན་གྱི་མཐོ་གྲང་རང་བྱུང་རྩྭ་སའི་ལེགས་བཅོས་ཁྲོད་ཐོན་པའི་ནུས་པ་ལ་ཁྱད་པར་ཡོད། སི་ཁྲོན་ནུབ་བྱང་མཐོ་སྒང་ལ་མཚོན་ན། རང་བྱུང་རྩྭ་སའི་སྐྱེ་དངོས་སྣ་མང་གི་སླར་གསོའི་ཚད་ལྕགས་རའི་ལོ་ཚད་ལྟར་གོང་དུ་འཕར་ཞིང་། ལྕགས་རའི་ཕྱུགས་སྐྱོང་བཀག་སྡོམ་གྱི་དཔེ་སྟོན་ཁུལ་གྱི་སྐྱེ་དངོས་སྣ་མང་གི་ཚད་ཇེ་དམའ་རུ་འགྱུར་བཞིན་ཡོད་ནའང་། ལོ་རེའི་ཕྱུགས་འཚོ་མཚམས་བཞག་པའི་ཚོད་ལྟའི་ཁུལ་གྱི་སྐྱེ་དངོས་སྣ་མང་གི་ཚད་དེ་འདྲའི་མངོན་གསལ་མིན། ལྕགས་རའི་ལོ་ཚད་གོང་དུ་འཕར་བ་དང་བསྟུན་ནས་ཕྱུགས་སྐྱོང་བཀག་སྡོམ་དཔེ་སྟོན་ཁུལ་གྱི་སྐྱེ་དངོས་སྣ་མང་གི་ཚད་ཇེ་ཆུང་དུ་འགྱུར་བའི་སྣང་ཚུལ་མངོན་ཞིང་། དེའི་རྒྱུ་མཚན་ནི་ཕྱུགས་སྐྱོང་བཀག་སྡོམ་གྱི་ལོ་ཚད་གོང་དུ་འཕར་བ་དང་བསྟུན་ནས་བརླན་སྐྱེས་སྐྱེ་དངོས་དང་སྙེ་མ་ཅན་གྱི་སྐྱེ་དངོས་སོགས་སྐྱེ་དངོས་ཀྱིས་དགེ་མཚན་ལྡན་པའི་གོ་གནས་ཟིན་འགོ་བརྩམས་ཤིང་། རྩྭ་ལྡུམ་གྱི་རིགས་ཇེ་ཉུང་དུ་ཕྱིན་པས་དེ་ལྟ་བུའི་གནས་ཚུལ་བྱུང་བ་རེད། ཡིན་ནའང་ལོ་རེའི་ལྕགས་རའི་དཔེ་སྟོན་ཁུལ་ལ་སྤྱི་ཡོངས་ནས་གཞིགས་ན། ལྕགས་རའི་ཕྱུགས་འཚོ་མཚམས་འཇོག་པ་དང་ཕྱུགས་སྐྱོང་བཀག་སྡོམ་གཉིས་ཀས་རྩྭ་ས་ཞན་གྱུར་གྱི་ཚོགས་ཁྱུ་སྣ་མང་གི་ཚད་ཇེ་མཐོར་གཏོང་བར་ཅུང་མངོན་གསལ་གྱི་ནུས་པ་ཐོན་པ་རེད།

རང་བྱུང་རྩྭ་སའི་ཚོགས་ཁྱུའི་སྙོམས་ཚད་ལ་ཤུགས་རྐྱེན་ཐེབས་པའི་ངོས་ནས་ཕྱུགས་སྐྱོང་ཞན་གྱུར་གྱི་རྩྭ་སར་ཕྱུགས་བསྐྱུར་རྩྭ་གསོ་ལག་བསྟར་བྱས་རྗེས། བཀག་སྡོམ་དང་ཕྱུགས་འཚོ་མཚམས་འཇོག་པའི་རྩྭ་ས་བརྒྱུད་དེ་ཚོགས་ཁྱུའི་སྙོམས་ཚད་མངོན་གསལ་ངང་མཐོར་འདེགས་བྱུང་ཐུབ། ཡིན་ནའང་ལྕགས་རའི་དུས་ཚད་ཇེ་རིང་དུ་བཏང་བ་དང་བསྟུན་ནས། ལྕགས་རའི་ཕྱུགས་སྐྱོང་བཀག་སྡོམ་དང་ཕྱུགས་འཚོ་མཚམས་འཇོག་པའི་དཔེ་སྟོན་ས་ཁུལ་གྱི་སྙོམས་ཚད་སྟོན་གྲངས་ཅུང་ཟད་མར་ཆག་ནའང་། སྔར་བཞིན་བསྡུར་གྲངས་ལས་མཐོ། གཞན་ཕྱུགས་སྐྱོང་བཀག་སྡོམ་ས་ཁུལ་གྱི་ཚོགས་ཁྱུའི་སྙོམས་ཚད་དེ་ཕྱུགས་འཚོ་མཚམས་འཇོག་པའི་དཔེ་སྟོན་ས་ཁུལ་ལས་ཅུང་དམའ་ཞིང་། འོས་འཚམ་གྱི་ཕྱུགས་སྐྱོང་བེད་སྤྱོད་ཀྱིས་ཚོགས་ཁྱུའི་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་མཐོར་འདེགས་སུ་གཏོང་བར་ཕན་པ་དང་། ཚོགས་ཁྱུའི་སྙོམས་ཚད་ཇེ་ཆེར་གཏོང་ཐུབ། དེའི་རྒྱུ་མཚན་ནི་ཕྱུགས་ཀྱི་ཤོང་ཚད་སྐྱེ་དངོས་ག་གེ་མོའི་མཚམས་ཚད་ལ་ཐོན་པའམ་དེ་ལས་བརྒལ་རྗེས། སྐྱེ་དངོས་ཀྱི་རིགས་དེ་དག་རིམ་བཞིན་རྩ་མེད་དུ་འགྱུར་བའམ། ཡང་ན་སྟེང་ལ་ཁྲ་རྡོག་གི་དབྱིབས་བྱུང་ནས་སྙོམས་ཚད་མར་ཆག་སྲིད།

རང་བྱུང་རྩྭ་སའི་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་ལ་ཤུགས་རྐྱེན་ཐེབས་པའི་ངོས་ནས། ལྕགས་རའི་དུས་ཚད་ཇེ་རིང་དུ་བཏང་བ་དང་བསྟུན་ནས་ལྕགས་རའི་ཕྱུགས་སྐྱོང་བཀག་སྡོམ་དང་ཕྱུགས་འཚོ་བ་མཚམས་བཞག་པའི་ས་ཁུལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་གྱི་འགྱུར་ལྡོག་མངོན་གསལ་མིན་པ་དང་ཕན་ཚུན་གྱི་ཁྱད་པར་ཡང་ཅུང་ཆུང་། ཡིན་ནའང་དེ་ལ་སྔར་བཞིན་ཆོས་ཉིད་རང་བཞིན་ངེས་ཅན་ཞིག་ཡོད་པ་སྟེ། ཕྱུགས་སྐྱོང་རྩྭ་སར་ལྕགས་རའི་བཀག་སྡོམ་བྱས་ནས་སླར་གསོ་བྱས་པ་བརྒྱུད། ལྟོས་བཅས་ཀྱིས་སྐྱེ་དངོས་སྣ་མང་རང་བཞིན་ཇེ་མཐོར་ཕྱིན་པ་དང་། ལྕགས་རའི་དུས་ཚད་རྒྱུན་ཆད་མེད་པར་ཇེ་རིང་དུ་ཕྱིན་པ་དང་བསྟུན་ནས་དེ་གཉིས་ཀྱི་སྣ་མང་རང་བཞིན་གཏན་འཇགས་སུ་འགྱུར་འགོ་བརྩམས་ཤིང་། དེ་ནས་ལྕགས་རའི་དུས་ཚད་རིམ་བཞིན་རྒྱུན་བསྲིངས་པ་དང་བསྟུན་ནས། སྐྱེ་དངོས་ཀྱི་སྣ་མང་རང་བཞིན་ཅུང་ཟད་མར་ཆག་པའི་གནས་ཚུལ་བྱུང་ནའང་བསྡུར་ཚད་སྔར་བཞིན་མཐོ།

3. ལུད་འཇོག་པ།

ས་ཁོངས་དེའི་རང་བྱུང་རྩྭ་སར་ལུད་འཇོག་པའི་དུས་ཚོད་ནི་རྩྭ་ས་སྔོ་ལོག་གི་སྔོན་ཡིན་དགོས་ཤིང་། སྐྱེ་ལྡན་ལུད་ནི་ཟླ་གསུམ་པའི་ཟླ་དཀྱིལ་དང་ཟླ་བཞི་བའི་ཟླ་དཀྱིལ་དུ་འཇོག་དགོས། ལུད་རྫས་ནི་ཟླ་བཞི་བའི་ཟླ་སྟོད་དང་ཟླ་བཞི་བའི་ཟླ་དཀྱིལ་ལ་འཇོག་དགོས། ཐེངས་འདིར་ལུད་བཞག་པ་དེས་རྩྭ་ས་སྔོ་འགྱུར་རྗེས་ཀྱི་སྐྱེས་འཕེལ་ལ་ལུད་རྫས་ཀྱི་བཅུད་མཁོ་འདོན་བྱས་པ་ཡིན་ཞིང་། གལ་སྲིད་ས་གནས་དེ་གའི་རང་བྱུང་རྩྭ་སར་ས་ཁོངས་བགོས་ནས་རེས་མོས་ཀྱིས་ཕྱུགས་འཚོ་བའི་སྒྲིག་སྲོལ་ལག་བསྟར་བྱས་པ་ཡིན་ན། ཕྱུགས་འཚོ་མཚམས་འཇོག་ཐེངས་རེར་ལུད་བཞག་ནས་དོ་དམ་བྱ་དགོས་པ་དང་བསྲེས་ལུད་ཀྱི་འཇོག་ཚད་ནི་300 ~ 600kg/hm2 ཡིན།

4. རྩྭ་སོན་གསབ་འདེབས།

(1)རྩྭ་སོན་གདམ་གསེས།

ས་ཁོངས་དེར་གསབ་འདེབས་བྱེད་པའི་རྩྭ་སོན་གཙོ་བོ་ནི་གྲ་ལྡན་གྲོ་རྩྭ་དང་འཇག་རྩྭ། འཇག་མ། ཡུག་རྩྭ་སོགས་སྙེ་མ་ཅན་གྱི་གཟན་རྩྭ་ཡིན་པ་དང་། གཞན་ད་དུང་འོས་འཚམ་གྱིས་འབུ་སུ་ཧང་སྨུག་པོ(紫花苜蓿)དང་རྩྭ་འདབ་དཀར(白三叶)ཡང་གསབ་འདེབས་བྱ་ཆོག །

(2)རྩྭ་སོན་འདེབས་གསོའི་ལག་རྩལ་རྩ་གནད།

① གྲ་ལྡན་ཡུག་རྩྭ། གྲ་ལྡན་ཡུག་རྩྭར་བདམས་ཆོག་པའི་རྩྭ་སོན་གཙོ་བོ་ནི་ཁྲོན་རྩྭ་ཨང1པའི་གྲ་ལྡན་གྲོ་རྩྭ་དང་། ཁྲོན་རྩྭ་ཨང2པའི་གྲ་ལྡན་ཡུག་རྩྭ་དང་རྔ་བའི་གྲ་ལྡན་གྲ་རྩྭ། ཁམས་པའི་གྲ་ལྡན་ཡུག་རྩྭ་སོགས་ཡིན། ས་གནས་དེ་གར་གྲ་ལྡན་གྲོ་རྩྭ་དཔྱིད་འདེབས་དང་སྟོན་འདེབས་ཀྱི་ཐབས་སྤྱད་ཆོག་པ་དང་། སྤྱིར་བཏང་དུ་རྩྭ་སོན་གྱི་མང་ཉུང་22.5kg/hm2 ཡིན། ས་བོན་བཏབ་རྗེས་ལུག་ནོར་འདེད་ཡོང་ནས་གསབ་འདེབས་ས་ཞིང་སྟེང་བཅག་བཅག་བྱས་ན། རྩྭ་སོན་དང་ས་གཤིན་གཉིས་འདྲེས་སྦྱོར་ལེགས་པོ་བྱུང་སྟེ་རྩྭ་སོན་གྱི་སྐྱེས་ལེགས་པར་ཕན།

② འཇག་རྩྭ། འཇག་རྩྭར་བདམས་ཆོག་པའི་རྩྭ་སོན་གཙོ་བོ་ནི་རྔ་པའི་སྙེ་དཔྱངས་འཇག་མ་དང་ཁམས་པའི་སྙེ་དཔྱངས་འཇག་མ། འབའ་རྫོང་གི་གྲ་མེད་འཇག་མ་སོགས་ཀྱི་རྩྭ་སོན་ཡིན། འཇག་རྩྭའང་དཔྱིད་འདེབས་དང་སྟོན་འདེབས་གང་སྤྱད་ཀྱང་ཆོག་ལ། སྤྱིར་བཏང་དུ་རྩྭ་སོན་གྱི་མང་ཉུང་22.5kg/hm2ཡིན། གྲ་ལྡན་ཡུག་རྩྭ་དང་འདྲ་བར་གསབ་འདེབས་བྱས་རྗེས་ལུག་ནོར་དེད་ནས་བཅག་བཅག་བྱ་དགོས།

③ གྲ་མེད་ཡུག་པོ། གྲ་མེད་ཡུག་པོའི་རྩྭ་སོན་ལ་གཙོ་བོ་ཁཱ་ཨེར་ཏོན་(卡尔顿)དང་ཁིན་ལིན(林肯)སོགས་བདམས་ཆོག་པ་དང་། དཔྱིད་འདེབས་དང་སྟོན་འདེབས་གཉིས་ཀ་སྤྱད་ཆོག སྤྱིར་བཏང་དུ་རྩྭ་སོན་གྱི་མང་ཉུང་30kg/hm2 ཡིན་པ་དང་། རྨོ་འདེབས་ཀྱི་སྔོན་དུ་ལིན་བརྒལ་སྐྱུར་ཀལ་(过磷酸钙)225kg/hm2 གི་རྨང་ལུད་བཞག་ནས་བཅག་བཅག་བྱ་དགོས།

④ འབུ་སུ་ཧང་སྨུག་པོ། འབུ་སུ་ཧང་སྨུག་པོ་ལ་སྟོན་གཉིད་ཚད་རིམ5དམན་གྱི་རྩྭ་སོན་གདམ་དགོས། དཔེར་ན། WLl68HQདང་WL319HQདང་WL343HQསོགས། འབུ་སུ་ཧང་ནི་དཔྱིད་ཀར་གདབ་དགོས་ཤིང་། སྤྱིར་བཏང་དུ་རྩྭ་སོན་གྱི་མང་ཉུང་30kg/hm2 ཡིན་པ་དང་། མ་བཏབ་པའི་སྔོན་དུ་ས་བོན་རྩ་རྡོག་སྐྲན་སྲིན་གྱི་རིམས་སོན་ལ་བསྟེན་དགོས། རྩ་རྡོག་སྐྲན་སྲིན་ཁེ་བཅུ་དང་འབུ་སུ་ཧང་སྨུག་པོ་སྟོང་ཁེ་གཅིག་ཆུ་ཉུང་ངུས་མཉམ་དུ་སྙོམ་སྡེབ་བྱ་དགོས། རྩྭ་སོན་མ་བཏབ་པའི་སྔོན་དུ་ལུད་22.5 ~ 30t/hm2 འཇོག་དགོས་ཤིང་། གཅིན་རྒྱུ་ལུད་རྫས་75kg/hm2 དང་། ལིན་སྐྱུར་ཨེན་གཉིས་(磷酸二胺)225kg/hm2 འཇོག་དགོས། རྩྭ་སོན་བཏབ་རྗེས་བཅག་བཅག་བྱ་དགོས།

⑤ རྩྭ་འདབ་དཀར། རྩྭ་འདབ་དཀར་ལ་ཀོས་ཀྲུའོ་རྩྭ་འདབ་དཀར་(贵州白三叶)དང་ཧའེ་ཧྥ་རྩྭ་འདབ་དཀར་(海法白三叶)སོགས་ཀྱི་རྩྭ་སོན་བདམས་ཆོག །ས་ཁོངས་དེ་གར་དཔྱིད་འདེབས་དང་སྟོན་འདེབས་གཉིས་ཀ་བདམས་ཆོག་པ་དང་།
སྤྱིར་བཏང་དུ་རྩྭ་སོན་གྱི་མང་ཉུང་7.5kg/hm2 ཡིན། རྩྭ་འདབ་དཀར་འདེབས་སྐབས་ལུད་འདང་ངེས་པ་ཞིག་བཞག་རྗེས། ཀལ(钙)དང་མད།(镁)ལིན(磷)བཅས་ཀྱི་འདྲེས་སྦྱོར་ལུད་རྫས་300 ~ 375kg/hm2 བཞག་ནས་བཅག་བཅག་བྱ་དགོས།

(3)གསབ་འདེབས་ཀྱི་ཐབས་ལམ།

རྩྭ་སོན་གསབ་འདེབས་ལ་རྐྱང་འདེབས་དང་བསྲེས་འདེབས་གཉིས་ཀ་སྤྱད་ཆོག །རྐྱང་འདེབས་ནི་སྔོན་གྱི་ཐབས་ལམ་ལྟར་ལག་ལེན་དུ་བསྟར་ཆོག་པ་དང་། བསྲེས་འདེབས་ལ་སྙེ་མའི་རིགས་ཀྱི་གཟན་རྩྭ་དང་སྲན་རིགས་གཟན་རྩྭ་བསྲེས་ནས་གདབ་དགོས་ཤིང་། སྤྱིར་བཏང་དུ་དཔྱིད་འདེབས་གཙོ་བོར་འཛིན། ས་བོན་འཕྲུལ་ཆས་ཀྱིས་བཏབ་ཆོག་པར་མ་ཟད་མིའི་ཐབས་ལའང་བསྟེན་ཆོག

བསྲེས་འདེབས་ཀྱི་མཉམ་སྡེབ་ལ་གྲ་ལྡན་ཡུག་རྩྭ་15kg/hm2+འབུ་སུ་ཧང་སྨུག་པོ་22.5kg/hm2 དང་། འཇག་རྩྭ་12kg/hm2+འབུ་སུ་ཧང་སྨུག་པོ་22.5kg/hm2 ཡུག་རྩྭ་15kg/hm2+འབུ་སུ་ཧང་སྨུག་པོ་22.5kg/hm2 ཡུག་རྩྭ་15kg/hm2+རྩྭ་འདབ་དཀར་3kg/hm2བཅས་སོ། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1