ཐོན་རྫས་སྤུས་ཀ་ལེགས། བྲིན་ཚོང་ཐབས་ལམ་ཡངས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།བོད་ལྗོངས་ཉིན་རེའི་ཚགས་པར། སྤེལ་དུས། 02-28



—— བོད་ལྗོངས་ཀྱིས་བྱ་ཐབས་སྣ་མང་སྤྱད་དེ་ཁྱད་ལྡན་ཐོན་རྫས་བྲིན་ཚོང་གི་ཐབས་ལམ་རྒྱ་ཆེར་བཏང་བའི་སྐོར་བཀོད་པ།
        ཡུལ་ཟོག་དང་ཁྱད་ལྡན་ཟས་རིགས་ནས་ཁྱད་ལྡན་རིག་གནས་ལག་ཤེས་བཟོ་རྩལ་བར། ཉེ་བའི་ལོ་ཤས་རིང་། བོད་ལྗོངས་ཀྱིས་ས་གནས་ཀྱི་ཁྱད་ལྡན་ཐོན་ལས་གོང་འཕེལ་ཤུགས་ཆེན་བཏང་སྟེ། སྣ་མང་ཕུན་སུམ་ཚོགས་ལ་སྤུས་ཀ་ལེགས་པའི་ཐོན་རྫས་ཐོན་སྐྱེད་ཐུབ་ལ་མཁོ་སྤྲོད་ཀྱང་བྱེད་ཐུབ་ཀྱི་ཡོད། དེ་དང་དུས་མཚུངས། རང་ལྗོངས་ཀྱི་ས་གནས་ཁག་གིས་ཚོང་ལམ་ཧུར་ཐག་བཏོད་པ་དང་ཐབས་ལམ་རྒྱ་ཆེར་བཏང་ནས་བྱ་ཐབས་གསར་གཏོད་དང་བཀྲག་མདངས་འཚེར་ས་མང་དག་ཅིག་བཏོན་ཐོག་བོད་ལྗོངས་ཀྱི་ཁྱད་ལྡན་ཐོན་རྫས་བྲིན་ཁ་རྒྱུག་པོ་ཡོང་བའི་འགན་ལེན་བྱས་པ་རེད།
        “གཅིག་འཐུས་རྣམ་པའི་ཉོ་སྒྲུབ་ཧ་ཅང་སྟབས་བདེ་བ”
        “འདི་ནི་ང་ཚོ་བཞད་མཐོང་སྨོན་རྫོང་མྱང་སྟོད་ཤང་ནས་ཐོན་པའི་རྩམ་པ་ཡིན་པས་ཧ་ཅང་ཞིམ་པོ་ཡོད། འདི་ནི་རྩེ་ཤོད་ཤང་ནས་ཐོན་པའི་ཙན་དན་གྱི་སྤོས་རེད། དྲི་མ་ཞིམ་པོ་ཡོད་པས་ཚང་མས་དགའ་པོ་བྱེད་ཀྱི་འདུག”ཅེས་གཞིས་རྩེ་གྲོང་ཁྱེར་བཞད་མཐོང་སྨོན་རྫོང་ཁྱད་ལྡན་ཐོན་རྫས་འགྲེམས་སྟོན་ལྟེ་གནས་སུ་སྐྱོད་སྐབས་བྲིན་ཚོང་པ་ནོར་འཛིན་ལྷ་མོས་ཡུལ་སྐོར་བར་རྫོང་གི་ཁྱད་ལྡན་ཐོན་རྫས་སྤུས་ལེགས་ངོ་སྤྲོད་བྱེད་བཞིན་འདུག
        “བཞད་མཐོང་སྨོན་རྫོང་གི་སྣ་མང་ཕུན་སུམ་ཚོགས་པའི་ཁྱད་ལྡན་ཐོན་རྫས་དེ་གར་འདུས་འདུག མང་པོ་ཞིག་དེ་སྔོན་མཐོང་མ་མྱོང་། ཐོན་རྫས་གང་དགོས་ཚང་མ་དེ་ནས་ཉོ་ཐུབ་པས་དངོས་གནས་སྟབས་བདེ་པོ་འདུག”ཅེས་ཧྲང་ཧའེ་ནས་ཡོང་བའི་ཡུལ་སྐོར་བ་ཧྲང་ལགས་ཀྱིས་བཤད།
        2020ལོའི་ཟླ་5པའི་ཟླ་འགོར། རྫོང་ཨུད་དང་རྫོང་སྲིད་གཞུང་གི་རྒྱབ་སྐྱོར་འོག བཞད་མཐོང་སྨོན་རྫོང་བཞད་གཞུང་མཐོང་སྨོན་ཞིང་འབྲོག་ཐོན་རྫས་ཕྱོགས་བསྡུས་གསར་སྤེལ་མཁོ་ཚོང་ཆེད་ལས་མཉམ་ལས་ཁང(གཤམ་དུ་མཐོང་སྨོན་མཁོ་ཚོང་ཆེད་ལས་མཉམ་ལས་ཁང་ཞེས་བསྡུ་རྒྱུ)བཙུགས་རྗེས་བཞད་མཐོང་སྨོན་རྫོང་གི་ཁྱད་ལྡན་ཐོན་རྫས་འགྲེམས་སྟོན་ལྟེ་གནས་བཙུགས་ནས་མཐོང་སྨོན་མཁོ་ཚོང་ཆེད་ལས་མཉམ་ལས་ཁང་གིས་གཉེར་འགན་འཁུར་ཏེ་ཚབ་ཚོང་བྱས་པ་བརྒྱུད། རྫོང་གི་ཞིང་འབྲོག་པའི་མཉམ་ལས་ཁང་འབྲིང་ཆུང་མང་དག་ཅིག་གི་ཐོན་རྫས་སྤུས་ལེགས་ཀྱི་ཚོང་ལམ་རྒྱ་ཆེར་ཕྱིན་ཡོད།
        “2019ལོར་ང་ཚོའི་མཉམ་ལས་ཁང་གི་ལོ་ཧྲིལ་པོའི་བྲིན་ཚོང་དངུལ་འབོར་སྒོར་ཁྲི་15ལས་མ་ཟིན་པ་དང་ཁེ་གཙང་སྒོར་ཁྲི་5ལྷག་ཙམ་ལས་མི་འདུག 2020ལོའི་ཟླ་5པར་མཐོང་སྨོན་མཁོ་ཚོང་ཆེད་ལས་མཉམ་ལས་ཁང་ནང་ཞུགས་ཏེ་ཁོང་ཚོས་ཚབ་ཚོང་བྱས་པ་བརྒྱུད། 2020ལོའི་ལོ་སྨད་ཀྱི་བྲིན་ཚོང་དངུལ་འབོར་སྒོར་ཁྲི་34ཟིན་པ་དང་ཁེ་གཙང་སྒོར་ཁྲི་19ལྷག་ཙམ་འདུག”ཅེས་བཞད་མཐོང་སྨོན་རྫོང་སྒང་ལོ་མི་རིགས་ནང་ཆས་ལས་སྣོན་བཟོ་རྩལ་ཆེད་ལས་མཉམ་ལས་ཁང་གི་འགན་འཁུར་བ་ཚེ་རིང་དབང་གྲགས་ཀྱིས་བཤད།
        2020ལོའི་ཟླ་5པའི་ཟླ་འགོར་བཙུགས་པ་ནས་ད་བར། རྫོང་ཡོངས་ཀྱི་ཁྱད་ལྡན་ཐོན་རྫས་རིགས་87མཐོང་སྨོན་མཁོ་ཚོང་ཆེད་ལས་མཉམ་ལས་ཁང་གིས་ཚབ་ཚོང་བྱས་པར་རིམ་རྩིས་བྱས་ན་བྲིན་ཚོང་དངུལ་འབོར་སྒོར་ཁྲི་468ཟིན་ཡོད།
        “བོད་ལྗོངས་ཚུད་པའི་རྒྱལ་ཡོངས་སུ་བསྐུར་གླ་མི་དགོས་པ”
        “བོད་ལྗོངས་ཚུད་པའི་རྒྱལ་ཡོངས་སུ་བསྐུར་གླ་མི་དགོས་པར་བསྐུར་ཐུབ”ཅེས་ཡར་ཀླུང་ཚོང་འདུས་སྐབས་41པའི་འགྲེམས་ཁུལ་4པའི“དྲ་ཐོག་ཟོག་ཉོ་ཐད་གཏོང་ཁང”ནས་ཐད་གཏོང་བས་དྲ་ཐོག་ནས་ཚོང་ཟོག་འཚོང་བའི་སྒྲ་གྲགས།
        ལོ་30ལ་སླེབས་པའི་བཀྲ་ཤིས་ལྷ་མོ་ནི་དྲ་ཐོག་མིང་ཅན་ཞིག་ཡིན་ཞིང་། བརྙན་ལམ་གྱི་སྤྱི་འབྲེལ་ལས་སྟེགས་ཐོག་ཁོ་མོའི“བོད་ལྗོངས་ལྷ་མོ”ཞེས་པའི་དྲ་མིང་གི་ཧྥེན་སི་ཁྲི་300ལས་བརྒལ་ཡོད། “དུས་རབས་ལ་རྒྱུན་ཆད་མེད་པར་འགྱུར་ལྡོག་འགྲོ་བ་དང་འགྲིམ་འགྲུལ་དང་དྲ་ཐོག་ཚོང་དོན་ཡང་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བཞིན་ཡོད་མོད། འོན་ཀྱང་ཞིང་འབྲོག་མང་ཚོགས་མང་པོ་ཞིག་གིས་ད་དུང་ཚོང་འདུས་ལ་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། དེའི་ནང་ཁྲོམ་རའི་རྒྱུ་རྐྱེན་ཡོད་ལ་རིག་གནས་ཀྱི་རྒྱུ་རྐྱེན་ཡང་ཡོད། དྲ་ཐོག་ཐད་གཏོང་བྱས་པ་བརྒྱུད་མི་དེ་བས་མང་བས་ངའི་ཕ་ཡུལ་ཤེས་རྟོགས་ཐུབ་ནས་དེ་གའི་རིག་གནས་སྤུས་རྟགས་ཀྱི་ཕན་འབྲས་ཆེ་རུ་གཏོང་ཐུབ་རྒྱུའི་རེ་བ་ཡོད”ཅེས་བཀྲ་ཤིས་ལྷ་མོས་བཤད།
        ཡར་ཀླུང་ཚོང་འདུས་ཕུད། “ཉིང་ཁྲིའི་ཐོན་ཁུངས”ཁྱད་ལྡན་ཐོན་རྫས་འགྲེམས་ཚོགས་དང་། ནག་ཆུ་གྲོང་ཁྱེར་གྱི་འབྲོག་ལས་ཐོན་རྫས་འགྲེམས་ཚོགས། ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་གྱི་འགྲེམས་ཚོགས་སོགས་རང་ལྗོངས་ཀྱི་གྲོང་ཁྱེར་དང་ས་གནས་ཁག་གིས་ལོ་ལྟར་ཚོང་ཟོག་འགྲེམས་ཚོགས་འདྲ་མིན་སྣ་ཚོགས་གཉེར་ནས་ས་གནས་ཀྱི་ཁྱད་ལྡན་ཐོན་རྫས་ཀྱི་ཐོན་ཁུངས་བསྡུ་སྒྲིལ་བྱས་པས། ཁྱད་ལྡན་ཐོན་རྫས་ཀྱི་བྲིན་ཚོང་ཐབས་ལམ་རྒྱ་ཆེར་འགྲོ་བ་དང་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་མང་དུ་གཏོང་བ་སོགས་ཀྱི་ཐད་གལ་ཆེའི་ནུས་པ་ཐོན་བཞིན་ཡོད།
        “རིན་ཆེན་ནོར་བུ་བླུགས་སྒམ་འདྲ་བའི་ཆེད་སྒྲོམ”
        ནས་ཆག་སྲན་ཐུག་དང་། བུ་རམ་རྩམ་ཐུག ནས་ཀྱི་བག་ལེབ་སོགས་བོད་ཀྱི་ཁྱད་ལྡན་ཐོན་རྫས་སྣ་ཚོགས་ཆེད་སྒྲོམ་ནང་བླུགས་ཡོད་ལ་བཟའ་བཏུང་ཚང་མ་ཡོད།
        ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་ཐང་T2དང་T3གནམ་གྲུ་སྒུག་སའི་ཐོག་ཁང་གི་ཕྱིར་ཐོན་སའི་ཚོམས་ཆེན་དང་། དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཁུལ་ཅུས་ཀྱི་ལས་བཟོའི་ཟ་ཁང་། གཞུང་ལས་ཐོག་ཁང་གི་ཐོག་སོ་དང་པོའི་ཚོམས་ཆེན་བཅས་ཚང་མར“འཛད་སྤྱོད་དབུལ་སྐྱོར་ཆེད་སྒྲོམ”དེ་ལྟ་བུ་མཐོང་རྒྱུ་ཡོད།
        ལག་ཐོགས་ཁ་པར་གྱི་སྐད་འཕྲིན་ནམ་ཡང་ན་གཏོང་སྤྲོད་འབོ་ཡི་APPསྤྱད་དེ་ཆེད་སྒྲོམ་སྟེང་གི་རྩ་གཉིས་ཨང་རྟགས་བཤེར་ཚེ་ཚོང་ཟོག་གི་རིན་གོང་དང་ཐོན་རྫས་ངོ་སྤྲོད་མཐོང་ཐུབ། དངུལ་སྤྲད་རྗེས་ཆེད་སྒྲོམ་གྱི་སྒོ་ཕྱེ་ནས་འཛད་སྤྱོད་པས་རང་ཉིད་ཀྱི་དགོས་མཁོ་ལྟར་ཚོང་ཟོག་ཉོ་ཆོག
        “གཉེན་ཉེ་དང་གྲོགས་པོར་ཁྱད་ལྡན་ཐོན་རྫས་ཉོ་རྒྱུ་རྦད་དེ་བརྗེད་བཞག སྟབས་ལེགས་པར་ཆེད་སྒྲོམ་དེ་ནས་ཁྱད་ལྡན་ཐོན་རྫས་ཉོ་ཡས་འདུག”ཅེས་ཁྲེང་ཏུའུ་ནས་ཡོང་བའི་ཡུལ་སྐོར་བ་ལིའུ་ལགས་ཀྱིས་ལག་ཐོགས་ཁ་པར་བཏོན་ནས་ཨང་རྟགས་བཤེར། ཁོང་གིས“སྟབས་ཧ་ཅང་བདེ་པོ་འདུག གནམ་ཐང་དུ་སྒྲིག་ཆས་སྟབས་བདེ་དེ་འདྲ་ཡོད་པ་བསམ་ཡུལ་ལས་འདས་སོང”ཞེས་ཆེད་སྒྲོམ་ནས་དངོས་ཟོག་མང་པོ་ཉོས་ཏེ་དགའ་སྤྲོའི་ངང་གནམ་ཐང་གི་བདེ་འཇགས་ཞིབ་བཤེར་བྱེད་སའི་ཕྱོགས་སུ་སྐྱོད།
        བོད་ལྗོངས་ཞིང་ལས་མ་འཇོག་ཁྱད་ལྡན་ཐོན་རྫས་ཚད་ཡོད་ཀུང་སིའི་འགན་འཁུར་བས་ངོ་སྤྲོད་བྱས་དོན། འཛད་སྤྱོད་དབུལ་སྐྱོར་ཆེད་སྒྲོམ་དེ་དག་ནང་གི་ཚོང་ཟོག་ཚང་མ་རྒྱལ་ཡོངས་ཀྱི་དབུལ་སྐྱོར་ཐོན་རྫས་ཀྱི་དཀར་ཆག་དང་རང་སྐྱོང་ལྗོངས་དབུལ་སྐྱོར་གཞུང་དོན་ཁང་གི་ས་གནས་རང་བཞིན་གྱི་ཁྱད་ལྡན་ཐོན་རྫས་དཀར་ཆག་ནས་བདམས་པའི་ཐོན་རྫས་ཤ་སྟག་ཡིན་ཞིང་། ཐོན་རྫས་ཀྱི་མ་བཅོས་རྒྱུ་ཆ་ཚང་མ་བོད་ཀྱི་ཞིང་འབྲོག་ཁུལ་དབུལ་པོ་ནས་འཐེན་པ་དང་། བཟའ་བཅའི་ཐོན་སྐྱེད་བཟོ་རྩལ་དང་བརྒྱུད་རིམ་སོགས་ཚང་མ་རྒྱལ་ཁབ་ཀྱི་བཟའ་བཅའི་བདེ་འཇགས་ཚད་གཞི་ལོན་ཡོད། ཐོན་སྐྱེད་བྱ་ཡུལ་ནས་ཉོ་སྒྲུབ་བྱས་རྗེས་ཆེད་སྒྲོམ་ནས་ཐད་ཀར་མཁོ་འདོན་བྱེད་པ་ལས་བར་ཚོང་གི་འཁོར་རྒྱུག་ལྷུ་ཚིགས་བརྒྱུད་མི་དགོས་པ་དེ་ནི་འཛད་སྤྱོད་དབུལ་སྐྱོར་བྱ་སྤྱོད་དོན་འཁྱོལ་བྱེད་པའི་གསར་གཏོད་རྣམ་པ་ཞིག་དང་ཐབས་ལམ་གལ་ཆེན་ཞིག་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1