ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 02-28



ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ།

        སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་གྲོས་བསྡུར་བྱས་པ་དང《སྐབས་བཅུ་དགུ་པའི་ཀྲུང་དབྱང་གི་རེས་སྐོར་ བརྒྱད་པའི་སྐོར་གཟིགས་བྱས་ཚུལ་སྐོར་གྱི་ཕྱོགས་བསྡུས་སྙན་ཞུ》དང་2021ལོའི་ཀྲུང་དབྱང་གི་སྐོར་གཟིགས་ ལས་དོན་འགོ་ཁྲིད་ཚོགས་ཆུང་གི་གཙོ་གནད་ལས་དོན་སྤེལ་ཚུལ་སྐོར་གྱི་སྙན་ཞུར》གྲོས་ཞིབ་བྱས་པ།
        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཟླ་2ཚེས་25ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ཏེ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་ལྔ་པར་གྲོས་ཞིབ་བྱ་རྒྱུར་འབུལ་རྩིས་ཡོད་པའི《སྲིད་གཞུང་གི་ལས་དོན་སྙན་སྒྲོན》གྱི་མ་ཟིན་ལ་གྲོས་བསྡུར་བྱས་པ་དང་།《སྐབས་བཅུ་དགུ་པའི་ཀྲུང་དབྱང་གི་རེས་སྐོར་བརྒྱད་པའི་སྐོར་གཟིགས་བྱས་ཚུལ་སྐོར་གྱི་ཕྱོགས་བསྡུས་སྙན་ཞུ》དང《2021ལོའི་ཀྲུང་དབྱང་གི་སྐོར་གཟིགས་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་གཙོ་གནད་ལས་དོན་སྤེལ་ཚུལ་སྐོར་གྱི་སྙན་ཞུར》གྲོས་ཞིབ་བྱས་པ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
        ཚོགས་འདུའི་ཐོག་ངོས་འཛིན་བྱས་དོན། འདས་ཟིན་པའི་ལོ་གཅིག་ནི་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པའི་ལོ་ཞིག་རེད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུས་པ་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་རྒྱལ་ཁའི་ངང་འཚོགས་པ་དང་། ཏང་གི་ལོ་རྒྱུས་ཀྱི་གྲོས་ཆོད་གསུམ་པ་གཏན་འབེབས་བྱས་པ། དུས་བཀག་ལྟར་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་བླངས་པ། དུས་བཀག་ལྟར་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་པ་དང་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱས་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཕྱོགས་སུ་སྐྱོད་པའི་རྒྱང་སྐྱོད་ལམ་བུ་གསར་པར་སྐྱོད་འགོ་ཚུགས་ཡོད། ལོ་གཅིག་རིང་རྙོག་འཛིང་ཆེ་ལ་ཛ་དྲག་ཆེ་བའི་རྒྱལ་ཁབ་ཕྱི་ནང་གི་དུས་བབ་དང་ཉེན་ཁ་དང་འགྲན་སློང་མང་པོའི་མདུན་དུ། རྒྱལ་ཡོངས་གོང་འོག་ཀུན་གྱིས་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་བྱས་པ་དང་། ལོ་ཧྲིལ་པོའི་དམིགས་ཚད་དང་ལས་འགན་གཙོ་བོ་ཅུང་ལེགས་པའི་སྒོ་ནས་བསྒྲུབས་པ། “ལོ་ལྔ་ཚན་བཅུ་བཞི་པའི”འགོ་ཡག་པོ་བརྩམས་ཤིང་། རང་རྒྱལ་གྱི་འཕེལ་རྒྱས་ལ་སླར་ཡང་གྲུབ་འབྲས་གསར་པ་གལ་ཆེན་ཐོབ་ཡོད།
        ཚོགས་འདུའི་ཐོག་ནན་བཤད་བྱས་དོན། འདི་ལོ་ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་འཚོག་རྒྱུ་ཡིན་ཞིང་། འདི་ནི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་བྱུང་རིམ་ཁྲོད་ཀྱི་གལ་འགངས་ཤིན་ཏུ་ཆེ་བའི་ལོ་ཞིག་རེད། སྲིད་གཞུང་གི་ལས་དོན་ཡག་པོ་སྒྲུབ་པར། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ། ཏང་འཛུགས་སྐྱོང་གི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་གཏོང་བ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་དོན་འཁྱོལ་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་གཏོད་པ། སྒྱུར་བཅོས་སྒོ་དབྱེ་ཕྱོགས་ཡོངས་ནས་ཟབ་ཏུ་གཏོང་བ། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཙོ་རྐང་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱེད་པ། “བརྟན་པོ་དྲུག”དང“འགན་ལེན་དྲུག”གི་ལས་དོན་མུ་མཐུད་ཡག་པོ་སྒྲུབ་པ། དམངས་འཚོ་རྒྱུན་མཐུད་ངང་ལེགས་སུ་གཏོང་བ། གཞི་ཆེའི་དཔལ་འབྱོར་གྱི་གཞི་རྩ་ཆེན་པོ་བརྟན་དུ་གཏོང་རྒྱུར་ཤུགས་རྒྱག་པ་བཅས་བྱས་ཏེ། དཔལ་འབྱོར་འཁོར་རྒྱུག་མུ་མཐུད་ལུགས་མཐུན་གྱི་བར་མཚམས་སུ་གནས་པ་བྱེད་པ་དང་སྤྱི་ཚོགས་སྤྱི་ཡོངས་མུ་མཐུད་བརྟན་པོ་ཡོང་བ་བྱས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས།
        ཚོགས་འདུའི་ཐོག་བསྟན་དོན། འདི་ལོའི་ལས་དོན་ཐད་བརྟན་ལྷིང་གཙོར་བཟུང་དང་བརྟན་ཐོག་ཡར་འཕེལ་མཐའ་འཁྱོངས་བྱེད་དགོས་པ་དང་། གཞི་ཆེའི་སྲིད་ཇུས་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་ནས་དཔལ་འབྱོར་གྱི་གཞི་རྩ་ཆེན་པོ་བརྟན་དུ་གཏོང་དགོས། བློ་བརྟན་འགྱུར་མེད་ངང་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་ཁྲོམ་རའི་བྱེད་པོའི་གསོན་ཤུགས་འཕེལ་བར་བྱེད་དགོས། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་དགོས། ནང་མཁོ་རྒྱ་སྐྱེད་འཐབ་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱས་ནས་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་དང་གྲོང་ཁྱེར་དང་གྲོང་རྡལ་ཅན་དཔེ་གསར་ལ་སྐུལ་འདེད་གཏོང་དགོས། ཞིང་ལས་ཐོན་སྐྱེད་ལ་དམ་འཛིན་ཤུགས་ཆེན་བྱས་ནས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས།  ཆུ་ཚད་མཐོ་པོའི་སྒོ་ནས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་སྟེ། ཕྱི་ཕྱོགས་ཚོང་དོན་དང་ཕྱི་ཕྱོགས་མ་རྩ་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་དང་ལྗང་མདོག་དང་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། དངུལ་རྩའི་ཉེན་ཁ་འགོག་ཟོན་དང་སེལ་ཐབས་བྱས་ནས་བརྒྱུད་རིམ་རང་བཞིན་གྱི་ཉེན་ཁ་མི་ཐོན་པ་བྱེད་པའི་མཐའ་ཚད་དམ་སྲུང་བྱེད་དགོས། ཏན་ཏིག་ངང་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བ་དང་སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་དང་བཅོས་སྐྱོང་བྱེད་སྟངས་གསར་གཏོད་བྱེད་དགོས། སྲིད་གཞུང་གི་རང་ངོས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སྤངས་ནས་ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་དང་ལས་འགན་ལེགས་སྒྲུབ་ཧུར་ཐག་བྱེད་དགོས།
        ཚོགས་འདུའི་ཐོག་བསྟན་དོན། སྐབས་བཅུ་དགུ་པའི་ཀྲུང་དབྱང་གི་རེས་སྐོར་བརྒྱད་པའི་སྐོར་གཟིགས་ཀྱི་གྲུབ་འབྲས་མངོན་གསལ་དོད་པ་དང་ཆབ་སྲིད་ཀྱི་ལྟ་སྐུལ་ནུས་པ་འདོན་སྤེལ་བྱས་ཡོད། ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དངུལ་རྩའི་ལས་དོན་ལ་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་ཤུགས་སྣོན་བརྒྱབ་སྟེ། དངུལ་རྩའི་སྒྱུར་བཅོས་ཟབ་ཏུ་གཏོང་རྒྱུ་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་པ་དང་། དངུལ་རྩས་དངོས་ཚན་དཔལ་འབྱོར་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་བྱས་པ། དངུལ་རྩའི་ཁྱབ་ཁོངས་ཀྱི་རུལ་སུངས་ལ་ཆད་གཅོད་ནན་པོ་བྱས་པ། དངུལ་རྩའི་ཉེན་ཁ་ཚབས་ཆེན་ནུས་ལྡན་ངང་བསལ་ཞིང་། རང་རྒྱལ་གྱི་དངུལ་རྩའི་ལས་རིགས་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ཐོབ་ཡོད། དེ་དང་ཆབས་ཅིག་སྐོར་གཟིགས་བྱེད་རིང་དུའང་། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་དོན་འཁྱོལ་བྱེད་པ་དང་། ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་སོགས་ཐད་དངུལ་རྩའི་ཚན་པར་སྔར་བཞིན་མངོན་གསལ་དོད་པའི་གནད་དོན་མི་ཉུང་བ་ཞིག་ལྷག་ཡོད་པ་ཤེས་རྟོགས་བྱུང་ཡོད། དེ་དག་ཁྲོད་ཀྱི་གནད་དོན་ལ་ལར་ཐུན་མོང་རང་བཞིན་ལྡན་པས་ངེས་པར་དུ་ཐག་གཅོད་ནན་ཏན་བྱེད་དགོས་ཤིང་། དག་ཐེར་གྱི་བྱེད་པོའི་འགན་འཁྲི་ནན་དུ་གཏོང་བ་དང་དག་ཐེར་གྱི་རྒྱུན་གཏན་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་སྟེ་གནད་དོན་རེ་རེ་བཞིན་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་དགོས།
        ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཏང་ཀྲུང་དབྱང་གིས་དངུལ་རྩའི་ལས་དོན་ལ་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དངུལ་རྩའི་འཕེལ་རྒྱས་ཀྱི་ལམ་བུར་ཡག་པོ་སྐྱོད་དགོས། དངུལ་རྩའི་ཉེན་ཁ་སྔོན་འགོག་དང་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས་དངུལ་རྩ་བརྟན་ལྷིང་གི་སྤྱི་ཡོངས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ནན་པའི་རྣམ་པ་ཇེ་ཟབ་ཏུ་གཏོང་བ་དང་། “འགན་འཁྲི་གཉིས”དོན་འཁྱོལ་བྱེད་པ། “གཙོ་འགན་འཁུར་མཁན”དང་འགོ་ཁྲིད་ཚན་ཁག་ལ་ལྟ་སྐུལ་བྱེད་པར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བ་དང་སྲིད་ཚོང་ངན་འབྲེལ་དང་རྒྱུ་དབང་བརྗེ་རེས་བྱེད་པའི་རུལ་སུངས་སོགས་དཔེ་མཚོན་གྱི་ཐུན་མོང་རང་བཞིན་གྱི་གནད་དོན་ལ་ཆེད་དོན་བཅོས་སྒྲིག་བྱས་ནས་རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་གཅིག་གྱུར་ཐོག་སྐུལ་འདེད་གཏོང་དགོས། དབང་ཆའི་ལྟ་སྐུལ་ལམ་ལུགས་དང་སྒྲིག་ཁྲིམས་ལག་བསྟར་དང་ཁྲིམས་འཛིན་གྱི་མ་ལག་གསར་གཏོད་དང་འཐུས་སྒོ་ཚང་དུ་བཏང་སྟེ། དངུལ་རྩའི་ཁྱབ་ཁོངས་ཀྱི་རུལ་སུངས་ལ་ཆད་གཅོད་དང་དངུལ་རྩའི་ཉེན་ཁ་ཐག་གཅོད་བྱ་རྒྱུར་དུས་གཅིག་ཏུ་སྐུལ་འདེད་དང་། འགན་འཁྲི་བདའ་འདེད་ནན་པོ་གཏོང་བ་དང་བཙོག་དངུལ་ཚུར་ལེན་དང་གྱོང་གུན་གསབ་ཏུ་འཇུག་རྒྱུར་དུས་གཅིག་ཏུ་སྐུལ་འདེད། ལམ་ལུགས་འཛུགས་པ་དང་ལམ་ལུགས་ལག་བསྟར་ལ་ཤུགས་སྣོན་རྒྱག་རྒྱུར་དུས་གཅིག་ཏུ་སྐུལ་འདེད་བཅས་གཏོང་ཐུབ་པ་བྱེད་དགོས། དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་དོན་འཁྱོལ་གཏིང་ཟབ་བྱས་ནས་འགོ་ཁྲིད་ཚན་པའི་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། དངུལ་རྩའི་ཁྱབ་ཁོངས་ཀྱི་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་དངུལ་རྩའི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས།
        ཚོགས་འདུའི་ཐོག་ཀྲུང་དབྱང་གི་སྐོར་གཟིགས་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་2021ལོའི་ལས་དོན་ལ་ཁས་ལེན་གང་ལེགས་བྱས་པ་དང་ཆབས་ཅིག དེའི་2022ལོའི་ལས་དོན་བཀོད་སྒྲིག་ལ་མོས་མཐུན་ཡང་བྱས་པ་རེད། ཚོགས་འདུའི་ཐོག“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས” ཐུབ་པ་བཅས་ཀྱིས་སྐོར་གཟིགས་ལས་དོན་གྱི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ཆབ་སྲིད་ཀྱི་སྐོར་གཟིགས་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་བ། སྐོར་གཟིགས་ལས་དོན་གྱི་ཆབ་སྲིད་རང་བཞིན་དང་མི་དམངས་རང་བཞིན་མངོན་གསལ་དོད་དུ་གཏོང་བ་བཅས་བྱེད་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མངོན་གསལ་དོད་པོ་ཡོང་བ་བྱས་ནས་ཏང་ནང་ཁུལ་གྱི་ལྟ་སྐུལ་ལ་བཀག་སྡོམ་ཁུལ་མེད་པ་རྒྱུན་འཁྱོངས་ཀྱིས་སྐོར་གཟིགས་ཕྱོགས་ཡོངས་ལ་ཁྱབ་པ་བྱ་རྒྱུའི་ལས་འགན་ཏན་ཏིག་ངང་སྒྲུབ་དགོས། སྐོར་གཟིགས་དག་ཐེར་དང་གྲུབ་འབྲས་བཀོལ་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར་དོན་འཁྱོལ་ནན་ཏན་བྱེད་པ་དང་། དག་ཐེར་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། དག་ཐེར་འགན་འཁྲི་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་དགོས། སྐོར་གཟིགས་སྐོར་ཞིབ་གང་ལེགས་བྱས་ནས་གོང་འོག་ཀུན་ལ་ཁྱབ་པའི་ལས་ཀའི་རྣམ་པ་མུ་མཐུད་གཏིང་ཟབ་ཏུ་བཏང་ནས་སྐོར་གཟིགས་ཀྱི་ཕྱོགས་བསྡུས་ལྟ་སྐུལ་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། སྐབས་བཅུ་དགུ་པའི་སྐོར་གཟིགས་ལས་དོན་ལ་ཕྱོགས་སྡོམ་ནན་ཏན་བྱས་ཐོག ཆོས་ཉིད་ངོས་འཛིན་ཐུབ་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ་སྐོར་གཟིགས་ལས་དོན་དེ་བས་ཚན་རིག་དང་མཐུན་ལ་ཕན་འབྲས་ལྡན་པ་ཞིག་སྒྲུབ་དགོས་ཞེས་ནན་བཤད་བྱས་པ་རེད།
        ཚོགས་འདུས་ད་དུང་དོན་གནད་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1