༄༅།། རྩྭ་ཐང་གི་གཏེར་ཁུལ་གྱི་སྔོ་ཁེབས་སླར་གསོ་ལག་རྩལ།

བན་དེ་ཚེ་རིང་གིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 02-28



བན་དེ་ཚེ་རིང་གིས་བསྒྱུར།
        རྩྭ་ཐང་གི་གཏེར་ཁུལ་ནི་རྩྭ་ཐང་ཐོག་ནས་གཏེར་ཁ་སྔོག་འདོན་བྱས་རྗེས་གཏོར་སྐྱོན་ཕོག་པ་དང་བཅོས་སྐྱོང་མ་བྱས་པར་སྤྱོད་ཐབས་མེད་པའི་ས་ཆར་བརྗོད། ཡོང་ཁུངས་ལ་གཞིགས་ན་རིགས་གསུམ་དུ་དགར་ཆོག །དང་པོ་ནི་ས་ངོས་བཀོགས་ནས་སྔོག་འདོན་བྱས་རྗེས་ཀྱི་ས་རྡོ་ལྷག་མ་དང་གཏེར་རྒྱུ་བསྲེས་ཚད་དམའ་བའི་ས་རྡོ་འདུས་གསོག་ཐེབས་པ། གཉིས་པ་ནི་གཏེར་ཁ་སྔོག་འདོན་བྱེད་པ་དང་བསྟུན་ནས་ས་དོང་དང་ས་རྡིབ་པའི་ཁུལ། གསུམ་པ་ནི་གདམ་ཐོན་བྱེད་པའི་ཐབས་སྣ་ཚོགས་སྤྱད་དེ་གཏེར་འདུས་ཚད་མཐོ་བའི་ས་ཁུལ་འདེམས་རྗེས་ཀྱི་གཏེར་འདུས་ཚད་ཉུང་བའི་བེད་མེད་ཤུལ་བསྐྱུར་ས་ཁུལ་ལྷག་མ། གཏེར་ལས་བེད་མེད་ཤུལ་བསྐྱུར་ས་ཆས་ས་ཆ་མང་པོ་བཀོལ་སྤྱོད་མི་ཐུབ་པར་བཟོས་པར་མ་ཟད་མིས་བཟོས་་རྐྱེན་གྱིས་ས་ཆུ་ཤོར་བ་དང་ཆུ་ལམ་ནང་ཕྱེ་འདམ་རུབ་བསྡུས་བྱེད་པར་ཤུགས་རྐྱེན་ཐེབས། དེ་ཡང་ཆུ་ཁུངས་འབག་བཙོག་བཟོ་བ་དང་ཁོར་ཡུག་གཞན་དག་འབག་བཙོག་བཟོ་བའི་རྩ་བ་ཡིན།གཅིག །རྩྭ་ཐང་གཏེར་ཁུལ་གྱི་སྔོ་ཁེབས་སླར་གསོ་དང་བསྐྱར་བསྐྲུན་བྱེད་པའི་ལག་རྩལ།        (གཅིག) སྔོ་ཁེབས་ཀྱི་རང་སླར་གསོ།གཏེར་ཁུལ་གྱི་བེད་མེད་ཤུལ་བསྐྱུར་ས་ཆའི་སྔོ་ཁེབས་རང་བྱུང་ངང་སླར་གསོ་བྱུང་བར་དུས་ཡུན་རིང་པོ་དགོས། ཡིན་ནའང་མིའི་ཐབས་ཀྱིས་དུས་ལྟར་སྔོ་ཁེབས་སླར་གསོ་བྱེད་མི་ཐུབ་པའི་གཏེར་ཁུལ་གྱི་བེད་མེད་ཤུལ་བསྐྱུར་ས་ཡི་ཐོག་ཏུ། སྔོ་ཁེབས་རང་བྱུང་གིས་སླར་གསོ་བྱེད་པར་དོན་དངོས་ཀྱི་སྙིང་པོ་ལྡན། སྔོ་ཁེབས་རང་བྱུང་གིས་སླར་གསོ་བྱེད་པའི་གོ་རིམ་ནི་རང་བྱུང་ཁམས་ཀྱིས་རང་ཉིད་སྙོམས་སྒྲིག་བྱེད་པའི་གོ་རིམ་ཡིན། ཚོད་ལྟ་ལས་གསལ་བ་ལྟར་ན། མིས་བཟོས་སྐྱ་ཐང་དྲ་སྔོ་ཁེབས་རང་བྱུང་གིས་སླར་གསོ་བྱུང་བར་ལོ་བཅུ་ནས་ལོ་ཉི་ཤུ་དགོས་ལ། ཆ་རྐྱེན་མི་བཟང་བའི་ས་ཁུལ་དུ་ལོ་ཉི་ཤུ་ནས་སུམ་ཅུ་སོང་ནའང་སླར་གསོ་བྱུང་དཀའ། (གཉིས) རྩྭ་རྒྱུ་ལེགས་བཅོས།གཏེར་ཁུལ་གྱི་བེད་མེད་ཤུལ་བསྐྱུར་ས་ཡི་ཁོར་ཡུག་ཆ་རྐྱེན་ཛ་དྲག་ཆེ་བས་སྔོ་ཁེབས་སླར་གསོ་ཅེས་པར་དཀའ་ཚེགས་ཆེ། རྩི་ཤིང་སྐྱེ་དཀའ་བའི་རྒྱུ་རྐྱེན་གཙོ་བོ་སྟེ། དང་པོ། རྩ་རྒྱུ་ཡི་དངོས་ལུགས་སྒྲིག་གཞི་མི་ལེགས་པས་ཆུ་འཛིན་པ་དང་ལུད་གསོག་པའི་ནུས་པ་ཞན། གཉིས་པ། ས་རྒྱུ་ཞན་ཆེ་བས་ཏན་དང་ལིན། ཅཱ་བཅས་ཀྱི་སྐྱེ་ལྡན་རྒྱུའི་འདུས་ཚད་ཆུང་དྲག་པ་དང་འཚོ་བཅུད་དོ་མི་མཉམ། གསུམ་པ། ལྕི་བའི་ལྕགས་རིགས་ཀྱི་འདུས་ཚད་མཐོ་དྲག་པས་རྩི་ཤིང་གི་གསར་བྱེད་ལ་ཤུགས་རྐྱེན་ཐེབས། རྩི་ཤིང་གིས་འཚོ་བཅུད་རྒྱུ་བསྡུ་ལེན་དང་རྩད་པ་སྐྱེ་བར་འགོག་རྐྱེན་ཐེབས། བཞི་པ། PHདམའ་དྲག་པས་མུ་ཟི་གཏེར་ཁའི་ཤུལ་བསྐྱུར་དངོས་པོའི་ནང་གི་མུ་ཟི་དབྱང་རྫས་ཀྱི་ནུས་པས་མུ་ཟི་སྐྱུར་སོགས་གྲུབ་སྟེ། སྐྱུར་གཤིས་ཆ་རྐྱེན་ཇེ་དྲག་ཏུ་ཕྱིན་པས་ལྕི་བའི་ལྕགས་རིགས་ཞུ་བ་དང་དེའི་དུག་གནོད་ཀྱིས་འཚོ་བཅུད་མི་འདང་བར་བྱེད། ལྔ་པ། ཚྭ་འདུས་ཚད་ཆེ་དྲག་པས་རྩི་ཤིང་གི་སྐྱེ་ཁམས་ལ་ཐན་སྐམ་འབྱུང་། དྲུག་པ། ས་རྒྱུ་སོབ་སོབ་འགུལ་སླ་བས་རླུང་གིས་ཁུར་བ་དང་ས་ངོས་ཀྱི་དྲོད་ཚད་མཐོན་པོ་ཆགས། གཏེར་ཁུལ་མི་གཅིག་པའི་བེད་མེད་ཤུལ་བསྐྱུར་ས་ཡིས་རྩི་ཤིང་སྐྱེ་བར་སྔོན་འགོག་བྱེད་པའི་རྒྱུ་རྐྱེན་ལ་སྤྱིར་བཏང་དུ་རྒྱུ་རྐྱེན་གཅིག་གམ་ཁ་ཤས་ཕྱོགས་གཅིག་ཏུ་འདུས་པ་ལས་ནུས་པ་ཐོན་པ་ཡིན། དེར་བརྟེན། ཚྭ་ལེགས་བཅོས་བྱེད་པའི་གོ་རིམ་ནང་ཞིབ་ཕྲའི་གནས་ཚུལ་ལ་གཞིགས་ནས་ལེགས་བཅོས་བྱེད་ཐབས་མི་མཐུན་པ་སྤྱད་དགོས།

        1.རྫས་འགྱུར་ལུད་རྫས།གཏེར་ཁུལ་གྱི་ཤུལ་བསྐྱུར་སའི་ནང་སྤྱིར་བཏང་དུ་ཏན་དང་ལིན། ཅཱ་བཅས་དཀོན་པས། དེར་བརྟེན། རྫས་རིགས་གསུམ་མཉམ་དུ་སྤྱད་ན་མགྱོགས་མྱུར་དུ་གྲུབ་འབྲས་མངོན་གསལ་ཐོབ། གཏེར་ཁུལ་གྱི་བེད་མེད་ཤུལ་བསྐྱུར་ས་ཡི་རྩྭ་རྒྱུའི་སྒྲིག་གཞི་གཏོར་བརླག་བྱས་པའི་དབང་གིས་ནུས་པ་ཐོན་མགྱོགས་པའི་རྫས་འགྱུར་ལུད་རྫས་ཆུ་ཡིས་ཞུ་སླ་ལ། ནུས་པ་ཐོན་མགྱོགས་པའི་རྫས་འགྱུར་ལུད་རྫས་འཇོག་ཚེ་ཐེངས་མང་འཇོག་པ་དང་ཐེངས་རེ་ལ་ཉུང་ཙམ་འཇོག་པའི་བྱེད་ཐབས་སྤྱད་ན་ཡག །ཡང་ན་ནུས་པ་ཡུན་རིང་ལ་ཐོན་པའི་ལུད་རྫས་བཞག་ན་ཕན་འབྲས་དེ་བས་ལེགས། བུལ་གཤིས་ཆེ་དྲག་པའམ་སྐྱུརགཤིས་ཆེདྲག་པ། ཚྭ་ཡི་འདུས་ཚད་དང་ལྕི་བའི་ལྕགས་རིགས་ཀྱི་འདུས་ཚད་མཐོ་དྲག་པའི་གནས་ཚུལ་འོག་ཏུ། ཐོག་མར་ས་རྒྱུའི་ངོས་ཀྱི་དུག་ཕྱི་འབྱིན་དགོས་ལ། དེ་རྗེས་རྫས་འགྱུར་ལུད་རྫས་འཇོག་དགོས། མུ་ཟི་སེར་པོ་དང་ཅུ་གང་། མུ་ཟི་སྐྱུར་སོགས་ཚང་མ་གཙོ་བོར་གཏེར་ཁུལ་བེད་མེད་ཤུལ་བསྐྱུར་ས་ཡི་བུལ་གཤིས་ལེགས་བཅོས་བྱེད་པར་སྤྱོད་པ་ཡིན།

        2.སྐྱེ་ལྡན་ལེགས་བཅོས་དངོས་རྫས།སྐྱེ་ལྡན་ལེགས་བཅོས་དངོས་རྫས་སྤྱད་དེ་བེད་མེད་ཤུལ་བསྐྱུར་ས་ལེགས་བཅོས་བྱེད་པར་དོན་སྙིང་གལ་ཆེན་ལྡན། བེད་མེད་དངོས་རོས་བེད་མེད་དངོས་རོ་བཅོས་པའི་རྩ་དོན་ལྟར། དཔལ་འབྱོར་གྱི་ཕན་འབྲས་ཧ་ཅང་བཟང་པོ་ཐོན། དེའི་ལེགས་བཅོས་ཕན་འབྲས་རྫས་འགྱུར་ལུད་རྫས་ལས་ལེགས། སྦགས་ཆུ་དང་སྦགས་འདམ། འཚོ་བའི་གད་སྙིགས། རྡོ་སོལ་ཐལ་འདམ། སྲོག་ཆགས་ཀྱི་སྐྱག་རྟུག་ཚང་མ་གཏེར་ཁུལ་གྱི་བེད་མེད་ཤུལ་བསྐྱུར་ས་ཡི་སྔོ་ཁེབས་བསྐྱར་བསྐྲུན་བྱེད་སྐབས་ཀྱི་རྩ་རྒྱུ་ལེགས་བཅོས་བྱེད་པར་རྒྱ་ཁྱབ་ཏུ་སྤྱོད་བཞིན་ཡོད། རྒྱུ་རྐྱེན་ནི་དེའི་ནང་འཚོ་བཅུད་འདུས་པར་མ་ཟད། འཚོ་བཅུད་ཕྱིར་གཏོང་ཚད་དལ་བས་རྩི་ཤིང་གིས་བཀོལ་སྤྱོད་དུས་ཡུན་རིང་པོར་བྱེད་ཤུལ་བསྐྱུར་ས་འགེབ་བྱེད་དུ་སྤྱོད་ཆོག་པ་དང་། ས་ངོས་ཀྱི་དྲོད་ཚད་ལེགས་བཅོས་བྱེད་ཆོག །དྲོད་ཚད་སྲུང་འཛིན་བྱས་ན་སོན་འབུས་པ་དང་མྱུ་གུ་སྐྱེ་པར་ཕན་ཐོགས་ཡོད། སོག་མ་ཞིང་ནང་དུ་ཕྱིར་སྤྱད་ན་རྩྭ་རྒྱུའི་དངོས་ལུགས་སྒྲིག་གཞི་ལེགས་བཅོས་བྱེད་ཐུབ་པར་མ་ཟད། རྩྭ་རྒྱུའི་འཚོ་བཅུད་འཕར་སྣོན་བྱས་ཏེ། འཚོ་བཅུད་བསྒྱུར་སྤོ་ལ་སྐུལ་འདེད་བྱེད་ཐུབ། 

        3.ཁའི་ས་བསྒྱུར་བ།ཁའི་ས་བསྒྱུར་བ་ནི་ལས་འགོ་མ་བརྩམས་པའི་སྔོན་དུ། ཐོག་མར་ས་ངོས་ཀྱི་མཐུག་ཚད་ལ་ལི་སྨི་སུམ་ཅུ་དང་དེའི་འོག་རིམ་གྱི་ལི་སྨི་སུམ་ཅུ་ནས་དྲུག་ཅུ་ཡོད་པའི་ས་རྒྱུ་སྐོགས་ཏེ་གསོག་ཉར་བྱེད་དགོས་ལ། ལས་ཀ་མཇུག་སྒྲིལ་རྗེས། དེ་དག་སྔར་གནས་སུ་ཕྱིར་འཇོག་དགོས། འདི་ལྟར་བྱས་ན་སྔོ་ཁེབས་གཏོར་་བྱེད་སྲིད་ཀྱང་། ས་རྒྱུ་རྩ་བའི་ཐོག་ནས་སྔར་བཞིན་རྒྱུན་སྲུང་བྱེད་ཐུབ། ས་རྒྱུའི་འཚོ་བཅུད་ཆ་རྐྱེན་དང་སོན་མཛོད་ཀྱིས་སྔར་ཡོད་རྩི་ཤིང་མགྱོགས་མྱུར་དུ་་ཁེབས་སུ་འགྱུར་བས། ལས་ཀ་མང་པོ་ལས་རྒྱུ་མེད་པའི་ས་བསྒྱུར་བའི་ལས་གཞི་གནད་འགག་ནི་ཁའི་ས་དགོག་པ་དང་གསོག་ཉར། ལས་གཞིའི་རྗེས་ཀྱི་ཁའི་ས་སྔར་བཞིན་སླར་གསོ་བྱེད་པ་དེ་ཡིན། བརྒྱུད་རིམ་འདིའི་ནང་ས་ངོས་ཀྱི་གྲུབ་ཆ་ལ་གཏོར་བརླག་དང་འཚོ་བཅུད་འཆོར་བ་ཅི་ཐུབ་ཇེ་ཉུང་དུ་གཏང་དགོས། ་སྔར་ཡོ་རོབ་ནུབ་མའི་རྒྱལ་ཁབ་མང་ཆེ་ཤོས་ཀྱིས་ཕྱི་རོལ་ཡུལ་དུ་གཏེར་ཁ་སྔོག་འདོན་བྱེད་པའི་ལས་གཞི་ཚང་མར་ལག་རྩལ་འདི་སྤྱོད་པ་ཡིན། རང་རྒྱལ་ཧའེ་ནན་གྱི་ཐན་ཏུའུ་ཡི་ལྕགས་གཏེར་དང་ཡུན་ནན་ཁུང་དབྱང་གི་ལིན་གཏེར་ཚང་མས་ལག་རྩལ་འདི་བཀོལ་བཞིན་ཡོད་ལ། ཕན་འབྲས་ཧ་ཅང་བཟང་པོ་ཐོབ་ཡོད།
        4.བརླན་གཤེར།རྩི་ཤིང་མ་བཏབ་པའི་སྔོན་ལ། སྐྱུར་དང་བུལ། ཚྭ་ཡི་འདུས་ཚད། ལྕགས་རིགས་ཀྱི་འདུས་ཚད་བཅས་མཐོ་དྲག་པའི་བེད་མེད་ཤུལ་བསྐྱུར་ས་ལ་ཆུ་འདྲེན་དགོས་ལ། འདི་ལྟར་བྱས་ན་བེད་མེད་ཤུལ་བསྐྱུར་ས་ཡི་སྐྱུར་གཤིས་དང་བུལ་གཤིས། ཚྭའི་འདུས་ཚད་དང་ལྕགས་རིགས་དུག་གཤིས་བཅས་སེལ་འབྱེད་ངེས་ཅན་ཞིག་བྱེད་ཐུབ་ལ། རྩི་ཤིང་སྐྱེ་བར་ཕན་ཐོགས་ཡོད། ཆུ་འདྲེན་པ་ནི་དོན་དངོས་སུ་མིའི་ཐབས་ཀྱིས་ཆུ་ཡིས་ཞུ་འཇུག་པའི་གོ་རིམ་ཡིན། སྤྱིར་བཏང་དུ་ཆུ་ཡིས་ཞུ་བཅུག་སྟེ། བེད་མེད་ཤུལ་བསྐྱུར་ས་ཡི་དུག་གི་གནོད་པ་མེད་པར་བཟོས་རྗེས། རྫས་འགྱུར་སྣ་མང་འདུས་པའི་ལུད་རྫས་སམ་སྐྱེ་ལྡན་ལུདརྫསབཞག་སྟེ་ས་རྒྱུའི་གཤིན་ཚད་འཕར་དུ་འཇུག་དགོས་ལ། རྩི་ཤིང་དུས་གཏན་དུ་སྐྱེ་ཐུབ་པར་བྱེད་དགོས།
        (གསུམ)སྐྱེ་དངོས་ལེགས་བཅོས།སྐྱེ་དངོས་ལེགས་བཅོས་བྱེད་པ་ནི་རྩྭ་རྒྱུ་ལེགས་བཅོས་བྱེད་ཐབས་ལག་བསྟར་བྱས་རྗེས་ཀྱི་མཇུག་་ལས་ཀ་ཡིན། གཏེར་ཁུལ་གྱི་བེད་མེད་ཤུལ་བསྐྱུར་ས་ཡི་སྔོ་ཁེབས་སླར་གསོ་དང་བསྐྱར་བསྐྲུན་་འགྱུར་བྱེད། སྐྱེ་དངོས་ལེགས་བཅོས་བྱེད་པ་ནི་གཙོ་བོར་སྐྱེ་འཚར་ཛ་དྲག་ཆེ་བའི་ཁོར་ཡུག་ཆ་རྐྱེན་ནང་གཞན་ལྡོག་རང་བཞིན་དྲག་པའི་རྩི་ཤིང་དང་། ལྕགས་རིགས་གཅིག་འདུ་ཐུབ་པའི་རྩི་ཤིང་། ལྗང་འགྱུར་ས་གཤིན་དུ་འགྱུར་བའི་རྩི་ཤིང་། ཏན་གྱི་མཁྲེགས་གཟུགས་འདུས་པའི་རྩི་ཤིང་བཅས་བཀོལ་སྤྱོད་བྱས་ཏེ་བེད་མེད་ཤུལ་བསྐྱུར་ས་ཡི་དངོས་ལུགས་་རྫས་འགྱུར་རང་བཞིན་ལེགས་བཅོས་བྱས་ཏེ། སྔོཁེབས་སླར་གསོ་དང་བསྐྱར་བསྐྲུན་བྱེད་པའི་དམིགས་འབེན་འགྲུབ་ཏུ་འཇུག་དགོས།
        1.རྩི་ཤིང་གདམ་གསེས།སྐྱེ་དངོས་བསྐྱར་གསོ་དང་བསྐྱར་འཛུགས་བྱེད་སྐབས། རྩི་ཤིང་ལ་གདམ་གསེས་ཡག་པོ་བྱ་རྒྱུ་ནི་ཧ་ཅང་གལ་ཆེན་ཞིག་ཡིན་ཏེ། དུས་དང་ས་བབ་ལ་བསྟུན་ནས་འོས་འཚམ་གྱི་རྩི་ཤིང་གི་རིགས་བདམས་ན། ད་གཟོད་མགྱོགས་མྱུར་དུ་རྩི་ཤིང་ལ་རྩ་སྤོས་རྒྱག་ཐུབ་པར་མ་ཟད། དེ་ལ་ཡུན་རིང་བཀོལ་སྤྱོད་གཏོང་བའི་རིན་ཐང་ལྡན། སྲན་གཟུགས་གཟན་རྩྭའི་ནང་གི་སྲན་དཀར་དང་རྒྱ་སྤོས། རྩ་བསུང་རྒྱ་སྤོས་སྨུག་སྐྱ། རྩ་བསུང་རྒྱ་སྤོས་ཁྲ་ཁྲ། མེ་ཏོག་ཀོན་ཧྭ་ཆུང་བ་སོགས་རྩི་ཤིང་གི་རིགས་ནི་གཏེར་ཁུལ་དང་བེད་མེད་དུ་བསྐྱུར་བའི་ས་ཞིང་གི་སྐྱེ་དངོས་བསྐྱར་གསོ་བྱེད་པར་རྒྱ་ཆེར་སྤྱོད་ཆོག །ལྗོན་ཤིང་ལས་སྦྱརལྕང་དང་སྒྲོན་ཤིང་། སྤ་མ། ཡུན་ཧྲན་གསོམ་ཤིང་། རྒྱ་ཤུག །ཚོས་སེར་སྡོང་པོ་སོགས་ཀྱིས་བེད་མེད་དུ་བསྐྱུར་བའི་ས་ཞིང་གནས་བབ་ལེགས་བཅོས་བྱེད་ཐུབ་པར་མ་ཟད་། ཁོར་ཡུག་དང་སྤང་ལྗོངས་ཇེ་མཛེས་སུ་སྒྱུར་ཐུབ་པའི་ལྗོན་ཤིང་གཙོ་བོའི་རིགས་ཀྱང་ཡིན། དེ་མིན་ད་དུང་མེ་ཏོག་དང་རྩི་ཤིང་། འབྲས་ཤིང་སོགས་ཏེ་དཔེར་ན་མེ་ཏོག་རྒྱ་སེ་དང་སུའེ་ཧུའེ་སྨུག་སྐྱ་སིལ་སྡོང་། ཁམ་བུའི་སྡོང་པོ། ཀུ་ཤུ་སྡོང་པོ་སོགས་ཀྱིས་ཀྱང་སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་བྱེད་པའི་དུས་མཚུངས་སུ་སྤྱི་ཚོགས་ཀྱི་ཁེ་ཕན་དང་དཔལ་འབྱོར་གྱི་ཁེ་ཕན་ཅུང་སྐྲུན་ཐུབ།
        2.ཏན་ལེན་སྐྱེ་དངོས་སྤྱོད་དགོས།ཏན་ལེན་སྐྱེ་དངོས་ཀྱི་ནུས་པ་དེ་ལྕགས་རིགས་ལྗིད་གྲས་ཉུང་ཙམ་འདུས་པའི་བེད་མེད་དུ་བསྐྱུར་བའི་ས་ཞིང་ལེགས་བཅོས་དང་། སྐྱེ་དངོས་བསྐྱར་སྐྲུན་བྱེད་པར་དགེ་མཚན་ལྡན་པའི་ནུས་པ་ཐོན་ཐུབ། བེད་མེད་དུ་བསྐྱུར་བའི་ས་ཞིང་ལེགས་བཅོས་བྱེད་པའི་ཏན་ལེན་སྐྱེ་དངོས་ཀྱི་རིགས་ལ་ལོ་མ་དམར་མོའི་རྩྭ་དང་། ལོ་མ་དཀར་པོའི་རྩྭ་ཚེར་ལྡན་ཚོས་སེར་ཤིང་། ཞང་སི་ལྗོན་ཤིང་སོགས་ཡོད། ལྕགས་རིགས་ལྗིད་གྲས་མང་ཙམ
འདུས་པའི་དུག་ལྡན་གྱི་བེད་མེད་དུ་བསྐྱུར་བའི་ས་ལ། ངེས་པར་དུ་དེ་དང་མཐུན་པའི་བྱེད་ཐབས(བསྡུར་ཚད་ངེས་ཅན་གྱི་ཆུ་སྙིགས་དང་འདམ་རྫབ་བསྲེས་པ་སོགས)བཀོལ་ནས་དུག་སེལ་ཏེ། རྩི་ཤིང་གི་ཤ་སྐྲན་ཏན་རླུང་ལེན་པར་ཁག་ཐེག་བྱ་དགོས། འབུ་ཕྲ་ངོ་མས་རྩ་རྒྱུའི་ནང་ལིན་ལུད་སྤྱོད་པར་ཕན་པ་མ་ཟད། དུག་གི་གནོད་པའང་ཐེབས་མི་ཐུབ་པས། དེ་དང་མཐུན་པའི་ལྗོན་ཤིང་གི་རིགས་འདེབས་འཛུགས་བྱས་ཏེ་བེད་མེད་དུ་བསྐྱུར་བའི་སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་བྱེད་ཐུབ་ཅིང་། གཏེར་སྙིགས་སུ་རྩི་ཤིང་སྐྱེས་པར་དགེ་མཚན་ཆེན་པོ་ཡོད་པས། ཁོར་ཡུག་ལེགས་བཅོས་བྱེད་པའི་དམིགས་ཡུལ་འོང་ཐུབ།
        3.ལྕགས་དུག་འགོག་ཐུབ་པའི་རྩི་ཤིང་། ལྕགས་དུག་འགོག་ཐུབ་པའི་རྩི་ཤིང་ཞེས་པ་ནི་ལྕགས་རིགས་ལྗིད་གྲས་དུག་ལྡན་གྱི་རྩྭ་རྒྱུའི་ནང་རྒྱུན་ལྡན་ལྟར་སྐྱེས་པ་དང་སྐྱེ་འཕེལ་བྱུང་བའི་རྩི་ཤིང་གི་རིགས་ཤིག་རེད། རྩི་ཤིང་དེའི་རིགས་ཀྱིས་ལྕགས་དུག་འགོག་ཐུབ་པར་མ་ཟད། ཐན་པ་དང་ས་རྒྱུ་ཞན་པའི་ཁོར་ཡུག་ནང་སྐྱེས་ཐུབ། ཁྱད་པར་དུ་གཏེར་ཁུལ་གྱི་བེད་མེད་དུ་བསྐྱུར་བའི་ས་ཞིང་བརྟན་བརླིང་དང་ལེགས་བཅོས་བྱེད་པར་ཧ་ཅང་འཚམ་པ་རེད། དོ་དམ་དང་ལུད་ཡོད་པའི་ཆ་རྐྱེན་ངེས་ཅན་ནང་། ལྕགས་དུག་འགོག་པའི་རྩི་ཤིང་གི་བེད་མེད་དུ་བསྐྱུར་བའི་ས་ཞིང་དུ་སྐྱེས་པ་རེད། ལྕགས་དུག་འགོག་པའི་རྩི་ཤིང་གིས་རྩ་རྒྱུ་རིམ་གྱིས་ཇེ་ལེགས་བསྒྱུར་གཏང་བ་དང་། རི་སྐྱེས་རྩི་ཤིང་གཞན་དག་ཀྱང་རིམ་གྱིས་ཇེ་མང་དུ་ཕྱིན་ནས། སྐྱེ་ཁམས་ཀྱི་མ་ལག་བརྟན་པོ་ཆགས་ཐུབ།
        4.སྔོ་ལུད་སྐྱེ་དངོས། སྔོ་ལུད་སྐྱེ་དངོས་ནི་མགྱོགས་ཤིང་སྤུས་ཀ་ལེགས་པ། བབ་བསྟུན་རང་བཞིན་ལྡན་པ་བཅས་ཀྱི་ཁྱད་ཆོས་ཡོད་པས། སྔོ་ལུད་སྣ་ཚོགས་དེའི་རིགས་ལ་འཚོ་བཅུད་མང་བའི་རྒྱུ་ཆ་དང་ཉུང་བའི་རྒྱུ་ཆ་འདུས་ཡོད་པས། སོག་རྗེས་ཀྱི་སྐྱེ་དངོས་ཀྱི་འཚོ་བཅུད་ནུས་ལྡན་ཐེབས་ཐུབ་པ་དང་། ད་དུང་ས་གཤིས་བཅུད་དང་ས་ཞིང་ལེགས་བཅོས་བྱེད་པ་སོགས་ཟུང་འབྲེལ་བྱས་ན། ས་གཤིས་བརླན་གཤེར་ཆེ་ཞིང་བཅུད་ཇེ་ལེགས་སུ་འགྱུར་ངེས། དེའི་ཕྱིར་སྔོ་ལུད་སྐྱེ་དངོས་སྤྱད་ན་གཏེར་ཁུལ་གྱི་བེད་མེད་དུ་བསྐྱུར་བའི་ཁོར་ཡུག་མགྱོགས་མྱུར་ཇེ་ལེགས་སུ་གཏང་ཐུབ།
        གཉིས་པ། གཏེར་ཁུལ་གྱི་བེད་མེད་དུ་བསྐྱུར་བའི་སྐྱེ་དངོས་བསྐྱར་གསོ་དང་བསྐྱར་འཛུགས་བྱེད་སྟངས།གཏེར་ཁ་མང་པོ་གསར་འདོན་བྱེད་སྐབས། ཁེབས་མེད་རྡོ་སོལ་གཏེར་ཁ་ཆེན་པོ་གསར་འདོན་བྱས་པའི་ས་ཆུ་ཤོར་བའི་གནད་དོན་ཆེ་ཞིང་ཕྱོགས་བསྡུས་ཀྱང་རེད། རང་རྒྱལ་གྱིས་རྡོ་སོལ་གཏེར་ཁ་གསར་འདོན་བྱས་པ་བརྒྱུད་ས་ཞིང་སྤྱི་ཆིངས་ས་ཡ་གཉིས་ལྷག་ལ་གཏོར་བརླག་ཐེབས་ཡོད་པར་མ་ཟད། ལོ་རེར་སྤྱི་ཆིང་ཁྲི་གཉིས་རེ་ཇེ་མང་དུ་འགྲོ་བཞིན་ཡོད་པས། (1996ལོའི་གྲངས་གཞི)རྡོ་སོལ་གཏེར་ཁའི་བེད་མེད་དུ་བསྐྱུར་བའི་ས་ཞིང་ལ་བཅོས་སྐྱོང་བྱེད་པའི་ཐད་ལ་རིམ་པ་ཁག་གི་གཙོ་གཉེར་སྡེ་ཁག་དང་། ཆེད་ལསམཁས་པ། ཁོར་ཡུག་སྲུང་སྐྱོང་། སྐྱེ་ཁམས་སོགས་སྐོར་གྱི་སྡེ་ཁག་གིས་དོ་སྣང་ཆེན་པོ་བྱེད་པར་མ་ཟད། ལས་དོན་འབོར་ཆེན་བསྒྲུབས་ནས། རྡོ་སོལ་གཏེར་ཁའི་བེད་མེད་དུ་བསྐྱུར་བའི་སྐྱེ་དངོས་བསྐྱར་གསོ་དང་བསྐྱར་འཛུགས་བྱེད་པའི་དཔེ་སྟོན་དུ་གྱུར་ཡོད།(གཅིག) ས་རྡིབ་ཁུལ་གྱི་སྐྱེ་དངོས་བསྐྱར་གསོ་བྱེད་པ།ཁྲི་ཧྥེང་གྲོང་ཁྱེར་ཀྱི་ཡོན་པའོ་རི་ཁུལ་ནི་རང་རྒྱལ་བྱང་ཕྱོགས་ཀྱི་དུས་རབས་ཉི་ཤུ་བའི་ལོ་རབས་དྲུག་ཅུའི་དུས་ཀྱི་གསར་དར་རྡོ་ཐན་གློག་ཤུགས་ཐོན་སྐྱེས་གནས་གཞི་ཡིན་ལ། བསྟུད་མར་ལོ་མང་རིང་གསར་འདོན་བྱས་ནས་ས་རྡིབ་པ་དང་། ས་ངོས་དུམ་བར་གྱུར་བ། ངོས་མི་མཉམ་པ། ས་ཆུ་ཤོར་བ་སོགས་ཀྱི་གནད་དོན་བྱུང་བ་རེད། གཏེར་ཁུལ་གྱི་བེད་མེད་སའི་སྐྱེ་ཁམས་སླར་གསོ་བྱེད་པར་རྟོག་ཞིབ་བྱ་ཆེད། ཁྲི་ཧྥེང་གྲོང་ཁྱེར་གྱི་རྩྭ་ཐང་ས་ཚིགས་ཀྱི་ཚན་རྩལ་པ་རྣམས་ཀྱིས་1989ལོར་ཡོན་པོའོ་རི་ཁུལ་གྱི་རྡོ་སོལ་གཏེར་ཁའི་ས་རྡིབ་ཁུལ་གྱི་སྐྱེ་དངོས་བསྐྱར་གསོ་དང་བསྐྱར་སྐྲུན་བྱེད་པར་འདི་ལྟར་བྱས་ནས་ཞིབ་འཇུག་བྱས། གསར་དུ་ས་རྡིབ་སར་འཕྲུལ་ཆས་ཀྱིས་ཁོད་སྙོམས་པ་དང་རྐ་སྙོམས་པ་སོགས་ཀྱི་བྱེད་ཐབས་སྤྱད་ནས། ཆུ་ཤོར་བ་དང་གས་ཁ་གསར་པ་བྱུང་བར་སྔོན་འགོག་བྱས། དེ་མིན་ད་དུང་ངོས་ཅུང་མཉམ་པའི་ས་དུམ་ཞིག་བདམས་ཏེ་སྲད་དཀར་དང་རྩ་བསུང་རྐྱ་སྨུག་སྐྱ་འདེབས་འཛུགས་བྱེད་པ་དང་། མིས་བཟོས་རྩྭ་ཐང་འཛུགས་སྐྲུན་བྱས། ཅུང་བརྟན་འཇགས་ཡིན་པའི་ས་རྡིབ་ཁུལ་དུ། ཐད་ཀར་དུ་འཕྲུལ་ཆས་ཀྱིས་ཁོད་སྙོམས་བྱེད་པ་དང་། སྲད་དཀར་འདེབས་འཛུགས་བྱས་ནས། མིས་བཟོས་རྩྭ་ཐང་འཛུགས་སྐྲུན་བྱ་དགོས། ཚོད་ལྟ་ལས་ས་གཤིས་ཞན་པ་དང་ཐན་པ་ཐེབས་པའི་ཆ་རྐྱེན་འོག །སྲད་དཀར་འདེབས་འཛུགས་བྱེད་པ་ནི་འོས་ཤིང་འཚམ་པ་རེད། ངོས་སྙོམས་པར་བྱས་པའི་རྡིབ་ཁུལ་ཡང་བསྐྱར་བཀོལ་སྤྱོད་གཏོང་བའི་རིན་ཐང་ཡོད་པ་དང་། མིས་བཟོས་རྩྭ་ཐང་ལ་ཅུང་མཐོ་བའི་ཐོན་སྐྱེད་ནུས་ཤུགས་ཅུང་ལྡན་པས། རྩྭ་ཐང་དང་བསྔུར་ན་ལྡབ་བདུན་གྱིས་མཐོ། སྐྱེ་ཁམས་ཁོར་ཡུག་གི་ཁེ་ཕན་དང་དཔལ་འབྱོར་གྱི་ཁེ་ཕན་ཐོབ་པ་རེད(གཉིས)ས་སྤུང་སའི་སྐྱེ་དངོས་བསྐྱར་གསོ་བྱེད་པ།ནང་སོག་གི་ས་ཁོངས་ཀྱི་ཀྲུན་ཀེར་རྡོ་སོལ་གཏེར་ཁུལ་ནི་རང་རྒྱལ་གྱི་གསར་སྤེལ་བྱེད་པའི་རྡོ་སོལ་གྱི་གཏེར་ཁུལ་གཙོ་བོ་ཞིག་ཡིན་ལ། 1990 ལོར་གསར་འདོན་བྱས་པ་ནས་བཟུང་། ཏུན་དུང་ཕྱུར་གཅིག་གི་ས་སྤུང་བ་དང་སྙོམས་པ་བཅས་ལས་གཏེར་ཁུལ་ས་གཤིས་སྒྲིག་གཞི་མེད་པ་དང་། ས་ངོས་ཀྱི་སྐྱེ་དངོས་མེད་པའི་ས་སྤུང་ས་གྲུབ། ཀྲུན་ཀེར་རྡོ་སོལ་གཏེར་ཁུལ་ནི་ཁོར་ཡུག་གི་ཆ་རྐྱེན་སྔུག་ཅིང་། སྐྱེ་ཁམས་མ་ལག་ཧ་ཅང་ཞན་པའི་ས་སེར་མཐོ་སྒང་དུ་ཡོད་པས། གལ་སྲིད་རྡོ་སོལ་གཏེར་ཁ་གསར་འདོན་བྱེད་བཞིན་པ་དང་བྱས་རྗེས་སུ་མགྱོགས་མྱུར་དུ་སྐྱེ་དངོས་བསྐྱར་གསོ་མ་བྱས་ཚེ། གཏེར་ཁུལ་དང་ཉེ་འགྲམ་ས་ཁུལ་གྱི་རང་བྱུང་གི་སྐྱེ་ཁམས་ཁོར་ཡུག་དེ་མགྱོགས་པོར་ཇེ་སྡུག་ཏུ་འགྱུར་ངེས་རེད། དེའི་ཕྱིར་ནང་སོག་གི་ཁོར་ཡུག་སྲུང་སྐྱོང་ཁང་དང་ནང་སོག་གི་ཞིང་ལས་སློབ་ཆེན་སོགས་ལས་ཁུངས་ཀྱིས། 1992ལོར་ཀྲུན་ཀེར་རྡོ་སོལ་གཏེར་ཁུལ་གྱི་ས་སྤུང་སའི་སྐྱེ་དངོས་བསྐྱར་གསོ་བྱེད་པར་ཚོད་ལྟ་དང་ཞིབ་འཇུག་བྱས་ནས། ས་སེར་མཐོ་སྒང་ས་ཁུལ་གྱི་ཐོནཁུངས་གསར་སྤེལ་བྱས་རྗེས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པར་དགེ་མཚན་ལྡན་པའི་ཉམས་མྱོང་འདོན་སྤྲོད་བྱས་པ་རེད།(1) རིགས་སོ་སོའི་རྩི་ཤིང་རིགས་གོ་དགུ་དྲངས་ནས། གཉེར་ཁུལ་གྱི་སྤང་ཤུལ་ལ་བསྐྱར་སྐྲུན་བྱེད་པརའཚམ་པའི་རྩི་ཤིང་བདམས་གསེས་བྱས་ཤིང་། དེ་ནས་ལོ་ངོ་གསུམ་ལྷག་ལྟ་ཞིབ་དང་ཞིབ་འཇུག་བྱས་པར་བརྟེན། རྩི་ཤིང་གི་མྱུ་གུ་འབུས་ཚད་དང་གསོན་ཚད། དགུན་སྐྱེལ་ཚད་དང་། སྐྱེ་ཚད་སོགས་ཀྱི་གནས་ཚུལ་ལ་དམིགས་ནས་ཕྱོགས་བསྡུས་གདེང་འཇོག་བྱས་ནས། ས་སྤུང་སར་སྐྱེས་ཐུབ་པའི་རྩི་ཤིང་གི་རིགས་བདམས་པར། རྩ་བསུང་རྒྱ་སྤོས་ཁྲ་ཁྲ་དང་རྩ་བསུང་རྒྱ་སྤོས་སྨུག་སྐྱ། སྲད་དཀར། རྒྱ་སྤོས། རི་སྐྱེས་གྲོ་སོགས་དང་། སྡོང་ཕྲན་ལྗོན་ཤིང་ལ་རྒྱ་སེ་དང་། སུའེ་ཧུའེ་སྨུག་སྐྱ། ལི་ཤི། ཧྲན་ལིའུ། སྡོང་རིང་ལྗོན་ཤིང་ལ་སྒྲོན་ཤིང་སྦྱར་ལྕང། ཡུན་ཧྲན་གསོམ་ཤིང་། རྒྱ་ཤུག །སྤ་མ། ཚོས་སེར་སྡོང་པོ་སོགས་ཡོད། དེ་དག་ལས་རྩི་ཤིང་ལ་སྲད་དཀར་དང་རྩ་བསུང་རྒྱ་སྤོས་སྨུག་སྐྱ། རྩ་བསུང་རྒྱ་སྤོས་ཁྲ་ཁྲ། མེ་ཏོག་ཀུའེ་ཧྭ་བཅས་ནི་གཙོ་བོ་རེད། གསར་སྐྱེས་རྩྭ་ཡི་ཆ་སྙོམས་སྐྱེས་ཚད་སྤྱི་ཆང་རེ་ལ་སྟོང་ཁེ་ཆིག་ཁྲི་བདུན་སྟོང་དགུ་བརྒྱ་དང་བཅུ་ལ་སླེབས་ཤིང་། རྩི་ཤིང་གི་རྩ་ལག་གཏིང་ཚད་ལ་སྨི་གཅིག་ནས་ཐིག་ཚེག་ལྔ་ཡོད་པའི་ཁོད་ཡངས་སར་སྐྱེས་པ་དང་། རྩ་ལག་རེ་ལ་ཁེ་བཅུའི་ཡན་ཡོད། སྡོང་རིང་ལྗོན་ཤིང་ལས་ཆེས་ཡག་པ་དེ་སྒྲོན་ཤིང་རེད། དེ་གསོན་ཚད་བརྒྱ་ཆའི་དགུ་ཅུའི་ཡན་ཡིན། སྤོས་འཛུགས་བྱས་པའི་ལོ་གསུམ་པར། ལྗོན་ཤིང་གི་མཐོ་ཚད་ལ་ལི་སྨི་ཉིས་བརྒྱ་ཞེ་ལྔར་སླེབས་ཐུབ་ཅིང་། མཐོ་ཚད་ལ་ལི་སྨི་བཞི་བཅུ་ཁ་སྣོན་བྱེད་ཐུབ། དེ་མིན་ད་དུང་སྦྱར་ཤིང་དང་རྒྱ་ལྕང་གི་སྐྱེས་ཚད་ཧ་ཅང་མགྱོགས་ཤིང་། སྦྱར་ཤིང་ལོ་རེར་ཆ་སྙོམས་སྨི་གཅིག་ནས་གཅིག་ཚེག་ལྔ་ཇེ་མཐོར་འགྲོ་ངེས། སྦྱར་ཤིང་དང་རྒྱ་ལྕང་གི་སྐྱེས་ཚད་མགྱོགས་ར་མ་ཟད། གསོན་ཚད་ཀྱང་བཟང་ཞིང་། མ་རྩ་ཡང་ཧ་ཅང་དམའ་བས། དེ་ནི་གཏེར་ཁུལ་དུ་རྒྱ་ཆེར་ཁྱབ་གདལ་གཏོང་བའི་སྡོང་རིང་ལྗོན་ཤིང་རིགས་ཤིག་རེད། གདམ་གསེས་བྱས་པའི་སིལ་སྟོང་ལས་ཀུ་ཤུའི་སྡོང་པོ་དང་ཁམ་བུའི་སྡོང་པོ་སོགས་ཀྱི་ཆ་སྙོམས་ཀྱི་གསོན་ཚད་བརྒྱ་ཆའི་གྱ་ལྔའི་ཡན་ཟིན་ཞིང་། དེ་ལས་ས་སྤུང་སར་སིལ་ར་འཛུགས་སྐྲུན་བྱས་ན། དཔལ་འབྱོར་གྱི་ཁེ་ཕན་ཡང་བསྐྲུན་ཐུབ་པ་མཚོན།(2) ས་སྤུངས་སར་སྡོང་རིང་དང་སྡོང་ཕྲན། རྩི་ཤིང་བཅས་ཀྱི་སྐྱེ་ཁམས་སྒྲིག་གཞི་འཛུགས་སྐྲུན་བྱེད་ན། དེ་ལ་རྩི་ཤིང་གི་རིགས་དང་སྡོང་རིང་ལྗོན་ཤིང་གི་རིགས། སྡོང་ཕྲན་ལྗོན་ཤིང་གི་རིགས་སོགས་ཡོད། དེ་ལ་སྒྲིག་སྦྱོར་བྱེད་སྟངས་ལས། རྩི་ཤིང་གི་སྒྲིག་སྦྱོར་བྱེད་སྟངས་ལས། རྩི་ཤིང་གི་སྒྲིག་སྦྱོར་བྱེད་སྟངས་ལ་བར་ཐག་ཡོད་པའི་སྒོ་ནས་འདེབས་འཛུགས་བྱེད་དགོས། ལྗོན་ཤིང་ལ་གྲལ་དབྲལ་ཡོད་ཅིང་། རྩི་ཤིང་སྟུག་པོ་བྱེད་པ། ལྗོན་ཤིང་དང་རྩི་ཤིང་གི་རྒྱ་ཁྱོན་ལ་གཅིག་བསྡུར་ཚད་གཉིས་དང་ཡང་ན་གཅིག་བསྡུར་ཚད་གཅིག །སྡོང་རིང་ལྗོན་ཤིང་གི་རིགས་ནི་རྩི་ཤིང་གི་རིགས་དང་འདྲ་བར། སྡོང་རིང་དང་སྡོང་ཐུང་འཛུགས་པའི་བསྡུར་ཚད་ལ་གཅིག་བསྡུར་ཚད་གཅིག་དང་ཡང་ན་གཅིག་བསྡུར་ཚད་གཉིས་ཡིན་དགོས། བར་ཐག་ལ་སྨི་གཉིས་ནས་གསུམ་དགོས། བར་དུ་གཟན་རྩྭ་འདེབས་དགོས། དེའི་ས་རྒྱ་ནི་སྡོང་རིང་གི་བརྒྱ་ཆའི་སུམ་ཅུ་དང་། སྡོང་ཐུང་ལས་བརྒྱ་ཆའི་བཞི་བཅུ། རྩྭ་ལས་བརྒྱ་ཆའི་སུམ་ཅུ་ཡིན་དགོས། ལྟད་མོའི་རང་བཞིན་གྱི་རྩི་ཤིང་དང་ལྗོན་ཤིང་ནི་གཞུང་ལམ་གྱི་ལོགས་གཉིས་སུ་འདེབས་པ་ཡིན་ལ། བར་ལ་སྨི་གཅིག་ཚེག་ལྔ་དགོས། རྩྭ་རིགས་ནི་སྤང་ལྗོངས་གཙོ་བོ་ཡིན་ཞིང་། ལྗོན་ཤིང་དང་བཟོ་བཀོད་ཀྱི་བར་དུ་འདེབས་དགོས། བར་དུ་ཀུ་ཤུའི་སྡོང་པོ་དང་ཁམ་བུའི་སྡོང་པོ་སོགས་ཀྱིས་བརྒྱན་དགོས། ཚོད་ལྟ་བྱས་པ་ལྟར་ན། གོང་གི་རྩི་ཤིང་དང་སྡོང་རིང་། སྡོང་ཕྲན་གྱི་སྐྱེ་ཁམས་སྒྲིག་གཞིའི་ཐད་ནས་གཙོ་བོ་སྐྱུར་ཁུ་དང་སྲད་དཀར་དང་། སྒྲོན་ཤིང་དང་སྲད་དཀར། སྒྲོན་ཤིང་དང་སྐྱུར་ཁུ། སྲད་དཀར་བཅས་སྒྲིག་སྦྱོར་བྱས་ན་ཤིན་ཏུ་བཟང་། དེ་དག་ལས་ཆེས་འབུར་དུ་ཐོན་པ་རྩི་ཤིང་དང་ལྗོན་ཤིང་ཡིན་ཞིང་།དེ་དག་སྒྲོན་ཤིང་དང་སྐྱུར་ཁུ། སྲད་དཀར་བཅས་རེད། དྲང་འཕྱང་གི་ཐད་ནས་རིམ་པ་མི་འདྲ་བ་གསུམ་ཡོད་དེ། སྡོང་རིང་གི་རིམ་པ(སྒྲོན་ཤིང་)དང་། མཐོ་ཚད་ལ་ལི་སྨི་ཉིས་བརྒྱ་ཞེ་ལྔ་ཡོད། ཕྲན་གྱི་རིམ་པ་ལ(སྐྱུར་ཁུ)དང་། མཐོ་ཚད་ལ་ལི་སྨི་བརྒྱ་དང་བཅུ་ཡོད། རྩ་རིགས་ཀྱི་རིམ་པ(གཙོ་བོ་སྲད་དཀར་ཀྱི་རིགས)རེད། མཐོ་ཚད་ལ་ལི་སྨི་དགུ་བཅུ་གོ་ལྔ་ཡོད། རིམ་པ་བཞི་ཡོད་པ་ལ། སྒྲོན་ཤིང་དང་སྐྱུར་ཁུ། སྲད་དཀར། རྩྭ་རིགས་བཅས་རེད། དུས་མཚུངས་སུ་རྩ་ལག་ལའང་རིམ་པ་མི་འདྲ་བ་ཡོད་དེ། སྐྱུར་ཁུ་དང་སྒྲོན་ཤིང་གི་རྩ་བའི་གཏིང་ཚད་ལ་ཆ་སྙོམས་སྨི་གཅིག་ཚེག་ལྔའི་ཡན་ཡོད་ཅིང་། སྒྲོན་ཤིང་ལ་སྨི་གཅིག་གི་ཡན་ཡོད། མྱུག་རྩྭའི་རིགས་ལ་ལི་སྨི་བཅོ་ལྔའི་དམན་ཡིན་པ་དང་། ས་ཐོག་དང་ས་འོག་གི་སྣང་ཚུལ་དེ་ལས། རིགས་དེ་ནི་རྙོག་འཛིང་ཆེ་ཞིང་ཅུང་བརྟན་པོ་ཡིན་པའི་སྐྱེཁམས་སྒྲིག་གཞི་ཞིག་གྲུབ་ཡོད། སྒྲིག་གཞི་དེ་ལས་ས་ཐོག་དང་ས་འོག་གི་བར་སྟོང་དང་། ཉི་འོད། སྐྱེ་དངོས་ཆེན་པོའི་རྩ་བའི་དྲང་འཕྱང་གི་ཁེབས་ཚད་བེད་སྤྱོད་གཏོང་ཆོག་པར་མ་ཟད། ས་གཤིས་ནང་ལི་སྨི་སུམ་ཅུ་ནས་བདུན་ཅུའི་དྲ་བའི་སྒྲིག་གཞི་ཞིག་གྲུབ་ནས། ས་གཤིས་བརྟན་པོ་ཡོང་བ་དང་བརླན་གཤེར་རྒྱུན་འཁྱོངས་བྱེད་པ། ས་རྒྱུ་གཤིན་ཚད་ཇེ་ལེགས་དང་། ས་ངོས་ཀྱི་དྲོད་ཚད་ཇེ་དམའ་རུ་གཏོང་བའི་ནུས་པ་ཡོད། དེ་དང་ཆབས་ཅིག ། ས་གཤིས་ཀྱི་དུལ་པོར་འགྱུར་ཚད་ཇེ་མགྱོགས་དང་། ས་གཤིས་ཀྱི་སྐྱེ་ལྡན་རྫས་བཅུད་བརྒྱ་ཆའི་ཐིགཚེག་གཅིག་ལྷག་ཇེ་མཐོར་འགྲོ་བ་དང་། སྟོང་ཁེ་རེའི་ས་གཤིས་ཀྱི་ཏན་དང་ལིན། ཅཱ་བཅས་སོ་སོར་དྲུག་དང་བཞི། བཅུ་དྲུག་དང་ཚེག་གཅིག་བཅསའཕར་སྣོན་བྱུང་། ལི་སྨི་ལྔ་ནས་བཅུའི་བར་གྱི་ས་གཤིས་ཀྱི་ཆུ་འདུས་ཚད་ལྡབ་བཞི་འཕར་ཐུབ། ས་ངོས་ཀྱི་དྲོ་གྲངས(ཟླ་བ་བདུན་པའི་ཟླ་འགོའི་ཕྱི་དྲོའི་ཆུ་ཚོད་བཞིའི)ཏུའུ་ཞེ་གཉིས་དང་ཚེག་ལྔ་ནས་ཏུའུ་ཉེར་དགུ་དང་ཚེག་བཞི་ལ་མར་ཆག །དེ་ནི་མིས་བཟོས་སྐྱེ་དངོས་མ་བཙུགས་པའི་སྔོན་དང་བསྡུར་ན། ཆུ་རྐ་བཤལ་བའི་གྲངས་གཞི་དང་གཏིང་ཚད། རྒྱ་ཁྱོན་བཅས་ཇེ་ཉུང་དུ་ཕྱིན་ཡོད། དེ་ལས་རྩི་ཤིང་དང་ལྗོན་ཤིང་གི་སྐྱེ་ཁམས་སྒྲིག་གཞིའི་སྐྱེ་ཁམས་ཕན་འབྲས་མངོན་གསལ་ཡིན་པ་མཆོན་ཐུབ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1