༄༅།།ཐང་གའི་སྒྱུ་རྩལ་དང་སྦྲེལ་བའི་མི་རབས་གསུམ་གྱི་ལས་དབང་།

རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཁམས་པའི་བརྙན་འཕྲིན་དྲ་བ། སྤེལ་དུས། 03-03


 མེས་པོས་བཞག་པའི་ཐང་ག་བཞེངས་རྩལ་རྒྱུན་འཛིན་བྱས།

གྲགས་ཅན་ཐང་ག་བཞེངས་མཁན་འཇམ་ཆུང་ཚང་ཁྱིམ་རྒྱུད་ཀྱི་ཚ་བོ་ཡིན་པའི་སངས་རྒྱས་དོན་གྲུབ་དང་བློ་གྲོས་དཔལ་བཟང་གཉིས་པོའི་ལས་དབང་ལྟེ་ཁྲག་འཕོས་པའི་ཉིན་དེ་ནས་བཟུང་གཏན་ལ་འཁེལ་མོད། འོན་ཀྱང་སྟབས་ལེགས་པ་ཞིག་ལ་ཁོང་གཉིས་ཀ་སོར་རྩེ་ལས་འཁྲུངས་པའི་སྒྱུ་རྩལ་འདིར་ཤིན་ཏུ་དགའ་པོ་ཡོད།

ཕ་ཡུལ་དུ་ལོག་ནས་ལོ་འགའ་འདས་རྗེས་འཇམ་ཆུང་ཚང་གི་བདུད་འདུལ་ལྷ་སྲུང་གྲོངས་ཤིང་། སྐབས་དེར་ཀརྨ་དགེ་འདུན་ཕ་ཡུལ་གྱི་སློབ་ཆུང་ཞིག་ཏུ་བོད་ཡིག་དགེ་རྒན་བྱས་ནས་ལོ་ཤས་འདས་མོད། འོན་ཀྱང་སྒྲིག་ཁོངས་སུ་དངོས་སུ་ཚུད་མེད་པས་ལྷ་སར་འགྲོ་མྱོང་བའི་ཁོང་གིས་བསམ་བློ་ཡང་ཡང་བཏང་མཐར། གཅིག་ནས་ནང་མི་ཚོ་ལྷ་སར་གནས་མཇལ་དུ་ཁྲིད་དེ་ཕ་འདས་པོའི་བསམ་འདུན་སྒྲུབ་པ་དང་། གཉིས་ནས་ཁོར་ཡུག་བརྗེས་ཏེ་མྱ་ངན་ལས་གང་མགྱོགས་སྒྲོལ་ཐབས་བྱས།

བསམ་ཚུལ་འདི་འདྲ་ཞིག་ཁྱེར་ནས་ཁོང་གིས་ནང་མི་ཚོ་ཁྲིད་དེ་ལྷ་སར་བསྐྱོད། “1985ལོར་པཱ་ལགས་ཀྱིས་ནང་མི་ཚོ་ཁྲིད་དེ་ལྷ་སར་ཕེབས་སོང་།  གཅེན་པོ་སངས་རྒྱས་དོན་གྲུབ་དང་སྐྱེས་མ་ཐག་པའི་གཅུང་པོ་ཁྲིད་སོང་བ་ལས། ལོ་2ཙམ་ལ་སླེབས་པའི་ང་རང་ཕ་ཡུལ་གྱི་སྤུན་མཆེད་ཚོའི་གམ་དུ་བཅོལ་བྱུང”ཞེས་བློ་གྲོས་དཔལ་བཟང་གིས་བརྗོད།

དུས་རབས་གོང་མའི་ལོ་རབས་80པའི་དུས་མཇུག་ཏུ་ཐང་གར་རྒྱུས་མངའ་ཡོད་མཁན་ཧ་ཅང་ཉུང་ཉུང་རེད། “སྐབས་དེ་དུས་ཕལ་པའི་ཁྱིམ་ཚང་ལ་ཐང་ག་མངགས་ཉོ་བྱེད་པའི་ཆ་རྐྱེན་གང་ཡང་མེད། མང་ཆེ་བ་ནི་དགོན་སྡེ་ཁག་གིས་མངགས་ཉོ་བྱེད་པ་ཕུད། བླ་མ་སྐྱེས་ཆེན་ཁ་ཤས་ཀྱིས་མངགས་ཉོ་བྱེད་ཀྱི་ཡོད། གང་ལགས་ཤེ་ན། གཅིག་ནས་དཔལ་འབྱོར་གྱི་ཆ་རྐྱེན་ཞན་པ་དང་གཉིས་ནས་ཐང་ག་བཞེངས་མཁན་ཉུང་ཉུང་ཡིན་པས་རེད། ཐང་གར་བརྟེན་ནས་འཚོ་ཐབས་བྱེད་དགོས་ཚེ། ངེས་པར་དུ་ལག་རྩལ་བྱང་ཆུབ་པའི་ཐང་ག་བཞེངས་མཁན་ཞིག་ཡིན་དགོས”ཞེས་བློ་གྲོས་དཔལ་བཟང་གིས་གསར་འགོད་པར་ཕ་ཀརྨ་དགེ་འདུན་གྱིས་རྒྱུན་དུ་ཤོད་མང་ཤོས་ཀྱི་སྐད་ཆ་དེ་བརྗོད།

ཀརྨ་དགེ་འདུན་གྱིས་མུ་མཐུད་མཐའ་འཁྱོངས་བྱ་རྒྱུའི་གདམ་ག་བྱས་ཤིང་། ཐང་ག་བཞེངས་ནས་འཚོ་ཐབས་བྱེད་པ་ཕུད། ཁོང་གིས་ཕ་དམ་པས་ཐང་ག་བཞེངས་རྩལ་བསླབ་པ་བཞིན་དུ་ཕྲུ་གུ་ཚོར་ཀརྨ་སྒར་བྲིས་ལུགས་ཀྱི་ཐང་ག་བཞེངས་རྩལ་བརྒྱུད་ཁྲིད་བྱས། བུ་རྒན་པ་སངས་རྒྱས་དོན་གྲུབ་ནི་ཁྱིམ་རྒྱུད་གསར་པའི་ནང་ནས་ཕ་ཤུལ་འཛིན་མཁན་ཐོག་མ་དེ་རེད།

“ལྷ་སར་ཐང་ག་བཞེངས་ནས་འཚོ་ཐབས་བྱེད་ཐུབ་པ་གཅིག་ནས་སྤོ་བོ་ལགས་ཀྱི་མིང་གྲགས་ཧ་ཅང་ཆེ་བས། མི་མང་པོ་ཞིག་གིས་འཇམ་ཆུང་ཚང་ཁྱིམ་རྒྱུད་ཀྱི་ཐང་གའམ་ཡང་ན་ལྡེབས་རིས་འབྲི་རྩལ་ལ་ཁས་ལེན་བྱེད་ཀྱི་ཡོད་པ་དང་། གཉིས་ནས་ཐང་ག་བཞེངས་་བའི་ཉམས་མྱོང་ཉིན་རེ་བཞིན་གསོག་འཇོག་བྱས་པ་བརྒྱུད། པཱ་ལགས་ཀྱི་ཐང་ག་བཞེངས་རྩལ་ལའང་ཀུན་གྱིས་ཁས་ལེན་ཐོབ་པས་རེད། ལོ་ཤས་སོང་རྗེས་པཱ་ལགས་ཀྱིས་ལྷ་སར་ཐང་གའམ་ཡང་ན་ལྡེབས་རིས་བཞེངས་པ་སོགས་ལས། འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་སོང་བ་དང་ཡོང་སྒོ་ཡང་མང་དུ་ཕྱིན་པས། ནང་མི་ཚང་མ་ལྷ་སར་བསྡད་ནས་འཚོ་བ་སྐྱེལ་རྒྱུའི་བློ་ཐག་ཡོངས་སུ་ཆོད་སོང”ཞེས་བློ་གྲོས་དཔལ་བཟང་གིས་བརྗོད།

 ཕ་ཤུལ་བུས་བཟུང་ནས་ལས་འགན་ལེགས་པར་བསྒྲུབས།

སྐྱིད་ཆུའི་ངོགས་དང་ཚེ་མཆོག་གླིང་རིག་གནས་ཐོན་ལས་གླིང་དུ་གནས་པའི་ཀརྨ་སྒར་བྲིས་ལུགས་ཀྱི་ཐང་ག་འབྲི་སྦྱོང་རྟེན་གཞི་ནི་2018ལོར་བློ་གྲོས་དཔལ་བཟང་དང་སངས་རྒྱས་དོན་གྲུབ་གཅེན་གཅུང་གཉིས་པོས་ཁང་པ་བོགས་མར་བླངས་ནས་མཛེས་བཟོ་བྱས་རྗེས་སྔོན་ཆད་ལྷ་སའི་ཀརྨ་དགོན་གསར་གྱི་གྲོང་མིའི་སྡོད་ཁང་དུ་བཙུགས་པའི་འབྲི་སྦྱོང་རྟེན་གཞི་གནས་དེར་སྤོས།

སྡོད་ཁང་དང་བསྡུར་ཚེ་དེ་གར་གུ་ཡངས་ལ་ཁ་ཁུ་སིམ་པས་ཐང་ག་བཞེངས་རྒྱུར་ཧ་ཅང་འཚམ་པོ་ཡོད། དགེ་འདུན་པ་ཞིག་ཡིན་པའི་སངས་རྒྱས་དོན་གྲུབ་དང་བསྡུར་ཚེ། བློ་གྲོས་དཔལ་བཟང་གིས་ཐང་གའི་སྒྱུ་རྩལ་པ་རང་ཉིད་ལ་དབང་བའི་ཐང་ག་འབྲི་སྦྱོང་རྟེན་གཞི་འདི་ཡག་པོ་ཞིག་གཉེར་སྐྱོང་ཐུབ་ཆེད་དུས་རྒྱུན་ནས་ནུས་ཤུགས་དེ་བས་མང་བ་འདོན་གྱི་ཡོད།

ལོ་དེར་ལྷ་སར་སློབ་གྲྭ་འགྲིམ་བཞིན་པའི་སངས་རྒྱས་དོན་གྲུབ་ལོ་རིམ་ལྔ་པར་སླེབས་སྐབས་རྩེད་མོ་རྩེ་རྒྱུར་ཧ་ཅང་དགའ་བའི་གྲོགས་པོ་དང་ཁ་མཐུན་ནས་ཉིན་གཉིས་གསུམ་སློབ་བྱོལ་དུ་སོང་བས། ཀརྨ་དགེ་འདུན་ལ་སེམས་ཁྲལ་ཆེན་པོ་བྱུང་ཡོད། “ང་ཚོ་ནི་ཕ་ཡུལ་དུ་མིང་གྲགས་ཆེན་པོ་ཡོད་པའི་ཁྱིམ་རྒྱུད་ཅིག་རེད། གལ་ཏེ་རང་ལྷ་སར་ཁྲིད་ཀྱང་སློབ་སྦྱོང་ཡག་པོ་མི་བྱེད་པ་དང་ལས་ཀ་ཚུལ་མཐུན་ཞིག་མ་བྱས་ན་ཁྱིམ་རྒྱུད་ལ་མིང་ཤད་བཟོ་ངེས་རེད”ཅེས་བརྗོད།

སངས་རྒྱས་དོན་གྲུབ་ཀྱིས“པཱ་ལགས་ཀྱིས་བསམ་བློ་ཡང་ཡང་བཏང་རྗེས་ང་སློབ་གྲྭ་ནས་འཐེན་གནང་སོང་། དུས་དེ་ནས་བཟུང་ངས་པཱ་ལགས་དང་མཉམ་དུ་བློ་གཅིག་སེམས་གཅིག་གིས་ཐང་ག་བཞེངས་རྩལ་སྦྱངས་པ་ཡིན”ཞེས་བརྗོད།

མི་རིང་བར་བློ་གྲོས་དཔལ་བཟང་ཡང་ལྷ་སར་བསུས་ཤིང་། གཅེན་གཅུང་གཉིས་པོས་ཉིན་ལྟར་ཐང་ག་བཞེངས་རྩལ་གྱི་རྨང་གཞི་ནས་འགོ་བཙུགས་ཏེ་པཱ་ལགས་ཀྱི་བཀའ་སློབ་འོག་ཐང་ག་བཞེངས་རྩལ་སྦྱངས་པ་མ་ཟད། དགེ་རྒན་བྱེད་མྱོང་བའི་ཀརྨ་དགེ་འདུན་གྱིས་ད་དུང་ཁོང་གཉིས་ལ་རྒྱུན་དུ་བོད་ཡིག་ཀྱང་སློབ་ཀྱི་ཡོད།

ཀརྨ་དགེ་འདུན་གྱིས་དཀའ་ལས་བརྒྱབ་པར་འབྲས་བུ་སྨིན་ཞིང་། ཉིན་ལྟར་སྐྱིལ་ཀྲུང་བྱས་ནས་ཐང་ག་བཞེངས་མཁན་ཕྲུ་གུ་རྣམས་ད་ཆ་ཆེན་པོ་ཆགས་ནས་སྔོན་མ་དང་མི་འདྲ་བར་ངང་རྒྱུད་རིང་དུ་སོང་ཡོད། སྲོལ་རྒྱུན་གྱི་ཐང་ག་བཞེངས་རྩལ་ལས་མི་རྣམས་ལ་གཤིས་ཀ་འཇམ་པ་དང་ངང་རྒྱུད་རིང་བའི་གཤིས་རྒྱུད་འཇགས་ཀྱི་ཡོད།  སྲོལ་རྒྱུན་གྱི་རིག་གནས་དང་ལོ་ངོ་སྟོང་གི་ལག་རྩལ་གྱི་ཤུགས་རྐྱེན་འོག་སངས་རྒྱས་དོན་གྲུབ་ཀྱིས་མི་ཚེར་བསམ་བློ་གཏོང་འགོ་ཚུགས།

“ང་རང་ཆུང་དུས་སྤོ་བོ་ལཌ་དང་པཱ་ལགས་ལ་ཡིད་སྨོན་ཆེན་པོ་སྐྱེ་གི་འདུག ལྷག་པར་དུ་སྤོ་བོ་ལགས་ལ་མི་ཀུན་གྱིས་བརྩི་འཇོག་བྱེད་ཀྱི་ཡོད་པས། ཁོང་དང་འདྲ་བའི་མི་ཞིག་བྱེད་འདོད་ཆེན་པོ་ཡོད”ཅེས་སངས་རྒྱས་དོན་གྲུབ་ཀྱིས་བརྗོད།

སངས་རྒྱས་དོན་གྲུབ་དང་བསྡུར་ན། པཱ་ལགས་ཀྱི་ཐུགས་ལ་བློ་གྲོས་དཔལ་བཟང་ཆུང་དུས་ནས་ཁ་ལ་ཉན་པའི་ཕྲུ་གུ་བཟང་པོ་ཞིག་རེད་ལ་བློ་རིག་བཀྲ་བའི་ཕྲུ་གུ་ཞིག་ཀྱང་རེད། ཀརྨ་དགེ་འདུན་གྱིས་ཆོབ་དང་བཅས་ཁོ་པའི་སྐྱེ་བ་སྔོན་མ་ཐང་ག་བཞེངས་མཁན་ཞིག་ཡིན་པ་འདྲ། ཕྲུ་གུ་གཞན་དང་མི་འདྲ་བར་ཐང་ག་བཞེངས་རྩལ་ཤེས་མགྱོགས་པ་དང་སྐྱིལ་ཀྲུང་བྱས་ནས་དུས་ཚོད་རིང་པོ་སྡོད་ཐུབ་ཀྱི་འདུག་ཅེས་བརྗོད།

ཐང་ག་བཞེངས་རྩལ་ལས་སངས་རྒྱས་དོན་གྲུབ་དང་བློ་གྲོས་དཔལ་བཟང་གཅེན་གཅུང་གཉིས་པོའི་ལས་དབང་ལ་འགྱུར་ལྡོག་བྱུང་ནས། ལོ་20ཡང་མ་སླེབས་པར་གཅེན་གཅུང་གཉིས་པོ་སྔ་རྗེས་སུ་ཐང་གའི་དགེ་རྒན་དུ་གྱུར་པ་མ་ཟད། དགེ་ཕྲུག་ཡང་མང་པོ་བསྡུ་འགོ་ཚུགས།

 ཁྱིམ་རྒྱུད་དང་མི་རིགས་ཀྱི་སྲོལ་རྒྱུན་སྒྱུ་རྩལ་དར་སྤེལ་བཏང་།

2003ལོར་ཐེངས་ཤིག་སྟེས་དབང་གི་རྐྱེན་ལས་སངས་རྒྱས་དོན་གྲུབ་ཀྱིས་བོད་ཀྱི་མཁྱེན་རྩེ་ལུགས་ཀྱི་ཐང་ག་ཞིག་མཐོང་བ་དེས་ཁོང་གི་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོག ཁོང་གིས“དེ་ནི་ལས་རང་རེད། ཐང་ག་དེ་མཐོང་བ་ཙམ་གྱིས་ངའི་ཡིད་དབང་རྦད་དེ་འཕྲོག་ནས་མཁྱེན་རྩེ་ལུགས་ཀྱི་ཐང་གའི་སྒྱུ་རྩལ་སྦྱོང་རྒྱུའི་སེམས་ཐག་བཅད་པ་ཡིན”ཞེས་བརྗོད།

གཅུང་པོ་བློ་གྲོས་དཔལ་བཟང་གི་རོགས་རམ་འོག་ཉིན་གཉིས་གསུམ་རེར་ལྷ་ས་དང་བར་ཐག་རིང་པོ་མེད་ལ། མཁྱེན་རྩེ་ལུགས་ཀྱི་ལྡེབས་རིས་དང་ཐང་ག་མང་པོ་ཉར་ཚགས་བྱས་པའི་གོང་དཀར་ཆོས་སྡེ་དགོན་དུ་ཐང་གའི་སྒྱུ་རྩལ་སྦྱོང་བར་ཕྱིན། ཁོང་གིས་ལག་ཐོགས་ཁ་པར་ནས་ཐང་ག་པར་དུ་བླངས་ཏེ་ལྷ་སར་ལོག་རྗེས་སྙིང་རུས་ཆེན་པོས་ཞིབ་འཇུག་བྱེད་ཀྱི་ཡོད།

“དགའ་ཞེན་ནི་བྱ་བ་མཐའ་དག་ལམ་ལྷོངས་ཡོང་བའི་སྔོན་འགྲོ་ཡིན” སངས་རྒྱས་དོན་གྲུབ་ཀྱིས། གོང་དཀར་ཆོས་སྡེ་དགོན་དུ་ཉར་ཚགས་བྱས་པའི་མཁྱེན་རྩེ་ལུགས་ཀྱི་ལྡེབས་རིས་དང་ཐང་ག་ནི་མཁྱེན་རྩེ་ལུགས་ཀྱི་སློབ་དཔོན་ཀུན་དགའ་སྒང་སྟོད་མཁྱེན་རྩེ་ཆེ་མོ་བའི་ཕྱག་རྒྱུན་ཤ་སྟག་རེད་ཅེས་བརྗོད། སྔར་ཡོད་ཀྱི་ཀརྨ་སྒར་བྲིས་ལུགས་ཀྱི་འབྲི་རྩལ་རྨང་གཞིའི་ཐོག་མཁྱེན་རྩེ་ཆེ་མོ་སློབ་དཔོན་གྱི་འབྲི་རྩལ་ལ་དཔེ་བལྟས་པས། སངས་རྒྱས་དོན་གྲུབ་ཕྱིས་སུ་བོད་ཀྱི་ཐང་གའི་ལུགས་ཆེ་གྲས་ནང་རྒྱུན་འཛིན་པ་ཉུང་ཤས་ཡིན་པའི་མཁྱེན་རྩེའི་ལུགས་ཀྱི་རྒྱུན་འཛིན་པ་ཞིག་ཏུ་གྱུར་པ་མ་ཟད། རྨང་གཞི་ཡང་བརྟན་པོ་བཏིང་ཡོད།

མཁྱེན་རྩེ་ལུགས་ཀྱི་ཐང་ག་བཞེངས་རྩལ་རྙོག་འཛིང་ཆེ་ཙམ་ཡོད་པས། སངས་རྒྱས་དོན་གྲུབ་ལ་དཀའ་ངལ་མི་ཉུང་བ་ཞིག་འཕྲད་ཅིང་། ཁོང་གིས་རྒྱུན་དུ་ནམ་ལངས་ལངས་བར་སྡོད་པ་དང་སྐྱ་རིས་ལོ་ལྔ་སྦྱངས་པ་བརྒྱུད། གཞི་ནས་མཁྱེན་རྩེ་ལུགས་ཀྱི་ཐང་ག་བཞེངས་རྩལ་ཁོང་དུ་ཆུད།

ལོ་བཅུ་གྲངས་རིང་སངས་རྒྱས་དོན་གྲུབ་ཀྱིས་ལས་ཞོར་གྱི་དུས་ཚོད་ཚང་མར་ཐང་ག་བཞེངས་རྩལ་ལ་ཞིབ་འཇུག་བྱས་པ་མ་ཟད། བོད་བརྒྱུད་ནང་བསྟན་གྱི་གནའ་བོའི་དགོན་སྡེ་ཚང་མར་བསྐྱོད་ཡོད། ཁོང་གིས《ཕྱག་ན་རྡོ་རྗེ》སོགས་མཁྱེན་རྩེ་ལུགས་ཀྱི་ཐང་ག་མི་ཉུང་བ་ཞིག་བཞེངས་ཡོད། ཐང་ག་བཞེངས་རྩལ་བྱང་ཆུབ་པའི་ཁར་འབད་པ་ཆུ་མོའི་རྒྱུན་བཞིན་བྱས་པར་བརྟེན། བོད་ཀྱི་རིམ་པ་དང་པོའི་ཐང་གའི་དགེ་རྒན་ལ་གྱུར་པ་མ་ཟད། 2019ལོའི་ལོ་མཇུག་ཏུ་ཁོང་ད་བར་བོད་ཀྱི་མཁྱེན་རྩེ་ལུགས་ཀྱི་ཐང་གའི་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་ཉུང་ཤས་ཀྱི་གྲས་སུ་ཚུད།

བློ་གྲོས་དཔལ་བཟང་ཡང་དུས་རབས་གསར་པར་ཐང་གའི་ལས་རིགས་སུ་ཀུན་གྱིས་གདེང་འཇོག་བྱེད་པའི་ན་གཞོན་ཐང་གའི་སྒྱུ་རྩལ་པ་ཞིག་ཡིན་ཞིང་། ལོ་31ལ་སླེབས་པའི་ཁོང་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་རྣམ་གྲངས་ཏེ། ཀརྨ་སྒར་བྲིས་ལུགས་ཀྱི་ཐང་གའི་རྒྱུན་འཛིན་པར་བདམས་པ་མ་ཟད། བོད་ཀྱི་རིམ་པ་དང་པོའི་ཐང་གའི་དགེ་རྒན་ཞིག་ཀྱང་རེད།

2015ལོར་ལོ་རབས་བརྒྱད་ཅུའི་རྗེས་སྐྱེས་ཀྱི་ཐང་གའི་དགེ་རྒན་གྱི་འཐུས་ཚབ་ཅིག་ཡིན་པའི་བློ་གྲོས་དཔལ་བཟང་གིས་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་དུ་རང་ཉིད་ཀྱི་ཐང་གའི་བརྩམས་ཆོས་འགྲེམས་སྟོན་བྱས། འགྲེམས་སྟོན་རིང་ཉེ་བའི་ལོ་བཅུའི་ནང་ཁོང་གིས་བཞེངས་པའི་ཐང་གའི་བརྩམས་ཆོས་44འགྲེམས་སྟོན་བྱས་ཡོད།

2017ལོར་བློ་གྲོས་དཔལ་བཟང་ལ་བོད་ཀྱི་བཟོ་རྩལ་མཛེས་རྩལ་དགེ་རྒན་ཆེ་མོ་བའི་མཚན་སྙན་ཐོབ་ཅིང་། ཁོང་གིས“སྐབས་དེ་དུས་ཁྱོན་ཐང་ག་29ཡོད་པ་དང་རྒྱ་གར་གྱི་གྲུབ་ཆེན་བརྒྱད་བཅུ་གྱ་བཞི་འཁོད་པའི་ཐང་ག་སེ་ར་དགོན་དུ་ཉར་ཚགས་བྱས་སོང་། ངས་ཐང་ག་དེ་དག་བཞེངས་སྐབས་དུས་ཚོད་མང་པོ་སྤྱད་པ་ཡིན་ལ། རང་ཉིད་ཀྱི་ཐང་ག་བཞེངས་རྩལ་ཡང་ཡར་རྒྱས་ཆེན་པོ་ཕྱིན་སོང་། ཐང་ག་བཞེངས་བར་ངང་རྒྱུད་རིང་པོ་དགོས་ལ་སྙིང་རུས་ཀྱང་ཆེན་པོ་དགོས”ཞེས་བརྗོད།

ད་ཆ་གཅེན་གཅུང་གཉིས་པོའི་ཐང་ག་འབྲི་སྦྱོང་རྟེན་གཞིར་བོད་ཀྱི་ཐག་རིང་ཞིང་འབྲོག་ཁུལ་ནས་ཡིན་པའི་དགེ་ཕྲུག་བཅུ་ཐང་ག་བཞེངས་རྩལ་སྦྱོང་བཞིན་ཡོད། ཁོང་ཚོ་ནི་ཁོང་གཉིས་དང་འདྲ་བར་མེས་པོས་བཞག་པའི་ཐང་གའི་སྒྱུ་རྩལ་ལ་དགའ་ཞེན་ཆེན་པོ་ཡོད་པ་མ་ཟད། མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་མེ་ཏོག་ལྷག་པར་བཞད་པའི་ད་ཆའི་དུས་སུ་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱས་ཏེ་རང་ཉིད་ཀྱི་སྤུ་སྨྱུག་ལ་བརྟེན་ནས་ཁྱིམ་ཚང་གི་འཚོ་བ་དེ་བས་བདེ་སྐྱིད་ཡོང་བའི་འདུན་པ་འཆང་བཞིན་འདུག

                                                                  འདི་ནི་2015ལོར་བློ་གྲོས་དཔལ་བཟང་གི་ཐང་གའི་འགྲེམས་སྟོན་ཐོག་ཁོང་དང་ཁོང་གི་པཱ་ལགས་དང་། གཅེན་གཅུང་། དེ་བཞིན་ཁོང་ཚོའི་ཁྱིམ་རྒྱུད་ཀྱི་འབྲི་སྦྱོང་རྟེན་གཞིར་ཐང་ག་འབྲི་རྩལ་སྦྱོང་བཞིན་པའི་ན་གཞོན་ཚོ་བཅས་ཀྱི་འདྲ་པར་ཡིན་པ།

 འདི་ནི་ཆུང་དུས་ནས་བློ་གྲོས་དཔལ་བཟང་དང་མཉམ་དུ་ཐང་ག་བཞེངས་རྩལ་སྦྱངས་བའི་སངས་རྒྱས་རྡོ་རྗེ་ཡིན་པ།

འདི་ནི་བློ་གྲོས་དཔལ་བཟང་གིས་ལོ་3ནང་བཞེངས་པའི་རྒྱ་གར་གྱི་གྲུབ་ཆེན་གྱ་བཞི་རྟོགས་པ་དང་སྒོམ་སྒྲུབ་སོགས་ཀྱི་ནང་དོན་གཞི་གཅིག་ཅན་གྱི་ཐང་གའི་བརྩམས་ཆོས་29ཡིན་ཞིང་། མིག་སྔར་བརྩམས་ཆོས་དེ་ཉིད་སེ་ར་དགོན་གྱིས་ཉར་ཚགས་བྱས་ཡོད།

འདི་ནི་ཀརྨ་སྒར་བྲིས་ལུགས་ཀྱི་ཐང་གའི་རྒྱུན་འཛིན་པ་བློ་གྲོས་དཔལ་བཟང་ཡིན་པ། 


རྩོམ་ཡིག་སྔོན་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1