ཉིང་ཁྲི་མེ་ཏོག་རྫོང་དུ་དཔྱིད་འདེབས་ཀྱི་ལས་ལ་བྲེལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 03-03


        ད་ལོའི་ཞིང་ལས་ཐོན་སྐྱེད་ལས་དོན་ཏན་ཏིག་ངང་ལེགས་པོར་སྒྲུབ་ནས། ལོ་ཧྲིལ་བོའི་འབྲུ་རིགས་རྨོ་འདེབས་ཀྱི་རྒྱ་ཁྱོན་དང་ཐོན་འབབ་བརྟན་པོར་ཡོང་ཆེད། བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་གིས་དཔྱིད་འདེབས་དཔྱིད་རྨོད་ལས་དོན་ལ་སྔ་མོ་ནས་འཆར་འགོད་བཟོས་བ་དང་བཀོད་སྒྲིག་བྱས་ཏེ། རྫོང་དང་ཤང་། གྲོང་ཚོའི་ལག་རྩལ་པ30སྒྲིག་འཛུགས་བྱས་ནས་ལག་རྩལ་མི་སྣས་དཔུང་སྡེ3བཙུགས་ཏེ། ཁག་བགོས་ནས་གཞི་རིམ་དུ་བསྐྱོད་དེ་མང་ཚོགས་ལ་ལག་རྩལ་གྱི་ཞབས་ཞུ་མཁོ་འདོན་བྱས།



པར་འདི་ནི་འབྲས་སྤུངས་གྲོང་ཚོའི་གྲོང་མིས་ཆུ་འབྲས་འདེབས་འཛུགས་བྱེད་བཞིན་པའི་རྣམ་པ་རེད།

        ཟླ2པའི་ཚེས28ཉིན་བར་མེ་ཏོག་རྫོང་གིས་མང་ཚོགས་ལ་སོན་བཟང་རྒྱ་མ16925ཉོ་སྒྲུབ་བྱེད་རོགས་བྱས་པ་དང་། དེའི་ཁྲོད་ཆུ་འབྲས་ཀྱི་ས་བོན་རྒྱ་མ9611དང་། མ་རྨོས་ལོ་ཏོག་གི་ས་བོན་རྒྱ་མ7314ཡོད། ལིན་སྐྱུར་ཨན་གཉིས་རྒྱ་མ་ཁྲི10.76དང་གཅིན་རྒྱུ་རྒྱ་མ་ཁྲི10.1དུད་ཚང་རེར་འགྲེམ་གཏོང་བྱས་ཤིང་། རྫོང་ནང་ཁུལ་དུ་ལིན་སྐྱུར་ཨན་གཉིས་རྒྱ་མ2400དང་། གཅིན་རྒྱུ་རྒྱ་མ3600། སྐྱེ་ལྡན་ལུད་རྒྱ་མ་ཁྲི30དང་། དེ་བཞིན་ཞིང་སྤྱོད་འགྱིག་ཤོག་སོགས་ཐོན་སྐྱེད་རྒྱུ་ཆ་སྐོར་གཅིག་གསོག་འཇོག་བྱས་ཡོད། 


པར་འདི་ནི་འབྲས་སྤུངས་གྲོང་ཚོའི་གྲོང་མིས་ཆུ་འབྲས་འདེབས་འཛུགས་བྱེད་བཞིན་པའི་རྣམ་པ་རེད།

        རྒྱུས་ལོན་བྱུང་བ་ལྟར་ན། དཔྱིད་འདེབས་ལས་དོན་དེ་ཟླ2པའི་ཚེས26ཉིན་ནས་བཟུང་ས་བབ་ཅུང་དམའ་བའི་ཤང་དང་གྲོང་རྡལ་དུ་རིམ་བཞིན་སྤེལ་བ་དང་། དེའི་ཁྲོད་འབྲས་སྤུངས་ཤང་གིས་མ་རྨོས་ལོ་ཏོག་འདེབས་འཛུགས་དང་ཆུ་འབྲས་ཀྱི་ལྗང་མྱུག་གསོ་བའི་ལས་དོན་གྱི་མགོ་བརྩམས་ཡོད། མིག་སྔའི་བར་དུ། འབྲས་སྤུངས་ཤང་སྡི་གདོང་གྲོང་ཚོ་དང་ཞི་རང་གྲོང་ཚོས་མ་རྨོས་ལོ་ཏོག་འདེབས་འཛུགས་རྒྱ་ཁྱོན་མུའུ320ལྷག་དང་། འབྲས་སྤུངས་གྲོང་ཚོས་ཆུ་འབྲས་ཀྱི་ལྗང་མྱུག་གསོ་བའི་རྒྱ་ཁྱོན་མུའུ80ལེགས་འགྲུབ་བྱུང་ཡོད། བདེ་ཞིང་ཤང་གིས་མ་རྨོས་ལོ་ཏོག་འདེབས་འཛུགས་ཀྱི་ས་ཞིང་སྙོམས་པའི་ལས་དོན་སྤེལ་བཞིན་ཡོད་ལ། དེ་མིན་གྱི་ས་བབ་ཅུང་མཐོ་བའི་ཤང་དང་གྲོང་རྡལ་གྱི་དཔྱིད་འདེབས་དཔྱིད་རྨོད་ལས་དོན་སྔོན་དཔག་བྱས་ན་ཟླ་གསུམ་པའི་ཟླ་དཀྱིལ་ལམ་ཟླ་སྨད་དང་། ཟླ་བཞི་བའི་ཟླ་སྟོད་དུ་ཕྱོགས་ཡོངས་ནས་སྤེལ་མགོ་རྩོམ་རྒྱུ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1