འཐུས་མི་ཤ་བོ་སྒྲོལ་མས་གསུངས་དོན། “ཆུ་འགོ་སྲུང་སྐྱོང་ཡག་པོ་བྱས་ཏེ་རྒྱལ་ཡོངས་མི་དམངས་ལ་བློ་བདེ་བའི་ཆུ་སྤྱོད་རྒྱུ་ཡོང་བ་བྱེད་དགོས”

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 03-04



     འདི་ག་ཚགས་པར་གྱི་གསར་འགོད་པ། ཝང་མེ།
     2000ལོ་ནས་བཟུང་། ཤ་བོ་སྒྲོལ་མས་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་རེབ་གོང་གྲོང་ཁྱེར་ཆུ་ཀ་ལ་ཀུང་སིར་ལས་ཀ་བྱེད་ཅིང་། ལོ་22རིང་ཆུའི་ལས་ཀ་བྱས་པ་དང་ཆུ་ཀ་ལ་ཀུང་སིའི་ལས་འགན་ནི་མི་སེར་གྱི་འཐུང་ཆུའི་དགོས་མཁོ་སྐོང་གང་ཐུབ་བྱ་རྒྱུ་དེ་རེད། མིག་སྔར་རྨ་ལྷོ་ཀྲོའུ་ཡོངས་ཀྱི་མི་ཁྲི་28ལ་བློ་བདེ་བའི་ཆུ་སྤྱོད་རྒྱུ་བྱུང་ཡོད།
     ལོ་མང་རིང་འབྲོག་ཁུལ་གྱི་འཐབ་ས་དང་པོར་བརྟན་སྲུང་དང་བཙོག་པ་དང་དཀའ་སྡུག་ལ་མི་སྐྲག་པའི་ཤ་བོ་སྒྲོལ་མར་འབྲོག་པ་ཚོས་ཧ་ཅང་དགའ་པོ་བྱེད་ཅིང་། 2018ལོར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིར་བདམས། “མཚོ་སྔོན་བ་ཞིག་གི་ངོས་ནས་རང་ཉིད་ལ་བློ་བདེ་བའི་ཆུ་སྤྱོད་ཐུབ་རྒྱུར་སེམས་ཁུར་བྱེད་པ་མ་ཟད། ཆུ་འགོ་སྲུང་སྐྱོང་ཡག་པོ་བྱས་ཏེ་རྒྱལ་ཡོངས་མི་དམངས་ལའང་བློ་བདེ་བའི་ཆུ་སྤྱོད་རྒྱུ་ཇི་ལྟར་ཡོང་བར་དོ་ཁུར་བྱེད་ཀྱི་ཡོད”དེ་ནས་བཟུང་ཤ་བོ་སྒྲོལ་མས་སྐྱེ་ཁམས་སྲུང་སྐྱོང་དང་ཆུ་སྤྱོད་བདེ་འཇགས་ལ་དོ་ཁུར་ཆེན་པོ་བྱེད་ཅིང་། “མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་མང་ཚོགས་དེ་བས་མང་བའི་ཆེད་དུ་སེམས་ནུས་ཡོད་རྒུ་བཏོན་ནས་འགན་འཁྲི་སྒྲུབ་དགོས”ཞེས་ཁོང་གིས་རྟག་ཏུ་བརྗོད་ཀྱི་ཡོད།
     མཚོ་སྔོན་ནི་འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་ཀྱི་ཆུ་འགོ་ཡིན་པ་དང་། ཤ་བོ་སྒྲོལ་མའི་ཕ་ཡུལ་ནི་རྨ་ཆུའི་ལྷོ་ངོས་སུ་གནས་པས“རྨ་ལྷོ”ཞེས་འབོད་པ་དང་མངའ་ཁོངས་དེ་གཙང་གསུམ་ཆུ་འགོའི་སྐྱེ་ཁམས་སྲུང་སྐྱོང་ཁུལ་དུ་གཏོགས་ཤིང་། ཕྱུགས་བཀག་རྩྭ་གསོ་དང་། རྨོ་སྐྱུར་རྩྭ་གསོ། འདམ་ར་སྲུང་སྐྱོང་། ཤིང་འཛུགས་ནགས་བཟོ་སོགས་བྱ་ཐབས་ནུས་ལྡན་རབ་དང་རིམ་པ་བརྒྱུད་སྔོ་ཁེབས་ཁྱབ་ཚད་མངོན་གསལ་དོད་པོས་མང་དུ་ཕྱིན་པ་དང་ཆུ་རྩྭ་གསོ་ཁུལ་ཟམ་མི་ཆད་པར་རྒྱ་ཆེ་རུ་ཕྱིན་ཡོད་པ་རེད། སྐྱེ་ཁམས་སྲུང་སྐྱོང་དང་ཆུའི་བདེ་འཇགས་ལ་དམིགས་ཏེ་ཤ་བོ་སྒྲོལ་མས་ན་ནིང་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཐོག“རྨ་ལྷོ་རྫོང་གི་རྨ་ཆུའི་སྐྱེ་ཁམས་འཛུགས་སྐྱོང་རྣམ་གྲངས”ཀྱི་གྲོས་འགོ་བཏོན་པ་དེ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱིས་གཙོ་གནད་གྲོས་འགོར་བརྩིས་ནས་བསྒྲུབ་རྒྱུར་དམ་འཛིན་བྱེད་བཞིན་ཡོད་པ་རེད།
     རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་འཚོག་ཉེའི་མཚམས་སུ་ཤ་བོ་སྒྲོལ་མས་གྲང་ངར་ལ་མ་འཛེམས་པར་རྨ་ལྷོ་ཀྲོའུ་ཡི་གྲོང་ཁྱེར་1དང་རྫོང་3དུ་སླར་ཡང་རྨ་ཆུའི་རྒྱུག་ཁུལ་གྱི་སྐྱེ་ཁམས་ལ་དམིགས་ནས་བརྟག་ཞིབ་ཡང་ཡང་བྱས་པ་དང་། གཅན་ཚ་རྫོང་དུ་ཁོང་གིས་རྨ་ཆུའི་རྒྱུག་ཁུལ་གྱི་སྐྱེ་ཁམས་དང་ཆུ་ལམ་བཅོས་སྐྱོང་ཐད་སྔར་བཞིན་དཀའ་གནད་ཡོད་པ་ཤེས་རྟོགས་བྱུང་བ་དང་། བྱ་དཀའ་བྱེད་གཏད་ཀྱི་གནད་དོན་དེས་གཅན་ཚ་རྫོང་ལ་དཀའ་ངལ་ཡུན་རིང་འཕྲད།
     གཅན་ཚ་རྫོང་གིས་རྨ་ཆུའི་འགྲམ་རྒྱུད་དུ་ལོ་ལྟར་བཅོས་སྐྱོང་བྱས་ཀྱང་ཕན་འབྲས་དེ་ཙམ་ཐོན་མེད། ཡང་སྙིང་གནད་དོན་དེ་གང་ལ་ཐུག་ཡོད་དམ། ཤ་བོ་སྒྲོལ་མས་རྫོང་ཆུ་དོན་ཅུས་དང་། ནགས་རྩྭ་ཅུས། ཞིང་འབྲོག་ཅུས་སོགས་ཚན་པ་20ལྷག་ཙམ་ལ་བཅར་འདྲི་བྱས་པས་བཅོས་སྐྱོང་གནད་འཁེལ་དང་ཞིབ་ཕྲ་མ་བྱུང་བའི་སྣང་ཚུལ་ཤེས་རྟོགས་བྱུང་ཞིང་། ཤ་བོ་སྒྲོལ་མས“རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་བྱེ་བཅས་གཞི་གཅིག་ཅན་ཡིན་པས་བརྒྱུད་རིམ་ལྡན་པའི་དོ་དམ་དང་སྲུང་སྐྱོང་བྱས་ཚེ་གཞི་ནས་སྲུང་སྐྱོང་ཡག་པོ་ཐུབ་པའི”ངོས་འཛིན་བྱེད་ཀྱི་ཡོད་པ་རེད།
     འདི་ལོ་ཤ་བོ་སྒྲོལ་མས་རྒྱལ་ཁབ་ཀྱི་ངོས་ནས་རྨ་ཆུའི་ངོགས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་སྐྱེ་ཁམས་སྲུང་སྐྱོང་ཉམས་གསོ་དང་། དེ་བཞིན་རི་ཆུ་ནགས་ཞིང་དང་མཚེའུ་བྱེ་བཅས་ཀྱི་སྐྱེ་ཁམས་མ་ལག་སྲུང་སྐྱོང་དང་ཉམས་གསོའི་ཐད་སྲིད་ཇུས་དང་ལག་རྩལ་གྱི་རྒྱབ་སྐྱོར་བྱ་རྒྱུའི་གྲོས་འགོ་འདོན་རྩིས་ཡོད་པ་རེད།
     “ང་ནི་ཆུ་ཀ་ལ་ཀུང་སིའི་བཟོ་པ་དཀྱུས་མ་ཞིག་ཡིན། ལོ་4ཡི་རིང་རྒྱུན་ཆད་མེད་པར་སློབ་སྦྱོང་དང་བརྩོན་ཞིབ་བྱས་ནས་ཕྲག་ཐོག་གི་ལས་འགན་གཙང་སྒྲུབ་བྱས་ཡོད། རྨ་ཆུའི་རྒྱུག་ཁུལ་གྱི་དུམ་བུ་ཚང་མར་སྲུང་སྐྱོང་ཡག་པོ་དང་བཅོས་སྐྱོང་ཡག་པོ་བྱེད་དགོས། ཆུའི་ཁོར་ཡུག་ལེགས་སུ་ཕྱིན་ཚེ་རྒྱལ་ཡོངས་མི་དམངས་ཚང་མར་བློ་བདེ་བའི་ཆུ་སྤྱོད་རྒྱུ་ཡོང་ཐུབ”ཅེས་ཤ་བོ་སྒྲོལ་མས་མྱོང་ཚོར་ཟབ་མོའི་སྒོ་ནས་གསུངས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1