རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉི་ཤུ་པ་མཇུག་སྒྲིལ་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 03-04


        འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་2ཉིན་གྱི་ཕྱི་དྲོ། སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉི་ཤུ་པ་པེ་ཅིང་དུ་མཇུག་སྒྲིལ་བ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་མཇུག་འགྲིལ་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།
        ཝང་དབྱང་གིས། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་ལྔ་པ་འཚོག་ཉེར་ཡོད་པ་དང་སྲིད་གྲོས་ཀྱི་རྒྱུན་ཨུ་ནི་སྲིད་གྲོས་ལས་དོན་གྱི་རྐང་འཛིན་ཡིན་པའི་ངོས་ནས། དམངས་གཙོ་དར་སྤེལ་དང་མཐུན་སྒྲིལ་ཟབ་ཏུ་གཏོང་རྒྱུ་ཕན་ཚུན་འབྲེལ་མཐུད་དང་། སྲིད་དོན་ལ་ཇུས་འདོན་དང་ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྒྲིལ་ནས་ཕྱོགས་གཉིས་པོས་ནུས་ཤུགས་བཏོན་ནས་ཚོགས་ཆེན་ཡག་པོ་འཚོག་རྒྱུའི་འགན་འཁྲི་འཁུར་སེམས་ཆེ་རུ་ཏན་ཏིག་གཏོང་དགོས། ཀྲུང་གུང་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་གྲུབ་འབྲས་བེད་སྤྱོད་ཡག་པོ་བྱས་ཏེ་ཏང་གི་ལོ་བརྒྱའི་འབད་འཐབ་ཁྲོད་ནས་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི་ཆབ་སྲིད་ཀྱི་ལེགས་ཆ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཀྱི་ལེགས་ཆ། ཀྲུང་ཧྭ་བུ་ཕྲུག་གི་མཐུན་སྒྲིལ་ཆེན་མོའི་སྟོབས་ཤུགས་ཀྱི་ལེགས་ཆ་བཅས་ལ་གོ་བ་གཏིང་ཟབ་བླངས་ནས། རླུང་བརྟེན་རླབས་གཤགས་དང་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་པའི་ཡིད་ཆེས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། རང་ངོས་ཀྱི་མྱོང་བ་དང་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། དོགས་གནད་སེལ་རྒྱུའི་ལས་ཀ་མང་ཙམ་སྒྲུབ་ནས་མཐུན་སྒྲིལ་འབད་འཐབ་བྱེད་པའི་ཧུར་སེམས་ཆེ་རུ་གཏོང་དགོས། ཚོགས་སྲོལ་དང་ཚོགས་འདུའི་སྒྲིག་ལམ་བཟང་པོ་རྒྱུན་འཁྱོངས་དང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གཏན་འབེབས་ལ་བརྩི་སྲུང་ནན་པོ་ཞུས་ཏེ། ཚོགས་ཆེན་བདེ་འཇགས་དང་གོ་རིམ་ལྡན་པའི་སྒོ་ནས་སྐོང་འཚོག་བྱ་རྒྱུར་འགན་ལེན་བྱེད་དགོས་ཞེས་ནན་སྟོན་གནང་བ་རེད།
        རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་པའི་གྲོས་རིམ་གྱི་འཆར་ཟིན་དང་ཉིན་རེའི་གྲོས་རིམ་དང་། རྒྱལ་ཡོངས་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུ། གྲོས་གཞིའི་ལས་དོན་གནས་ཚུལ་སྐོར་གྱི་སྙན་ཞུ། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་ལྔ་པའི་དྲུང་ཆེ་དང་དྲུང་ཆེ་གཞོན་པ་བཅས་ཀྱི་མཚན་ཐོར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད། འབྲེལ་ཡོད་འཆར་ཟིན་དང་སྙན་ཞུ་གོ་རིམ་ལྟར་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་པར་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུ་ཡིན་པ་རེད།
        གྲོས་ཚོགས་ཐོག་བརྡས་ཐག་བཅད་པ་བརྒྱུད་ཀྲང་མའོ་ཡུས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་དྲུང་ཡིག་ཆེན་མོ་གཞོན་པར་བསྐོ་གཞག་བྱས་པ་དང་། ཉིང་ཅི་ཀྲེ། ཧྲང་ཡུང་། ཧུའུ་ཅི་ཡོན། ཅང་ཅན་གོ་བཅས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཨུ་ཡོན་དུ་གསབ་སྣོན་བྱས་པ། ཕུའུ་ཀྲི་ཧྥང་དང་ཉིང་ཅི་ཀྲེ་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པར་གསབ་སྣོན་བྱས་པ། ཧན་ཡུང་མི་འབོར་ཐོན་ཁུངས་ཁོར་ཡུག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དང་། ཧྲང་ཡུང་དང་ཁོ་ཙུན་ཕིན་གཉིས་ཀྱིས་སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ལུས་རྩལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པའི་འགན་བཞེས་རྒྱུ། རྡོ་རྗེ་རབ་བརྟན་དང་། ཀྲང་དབྱི་ཅུན། ཅང་ཅན་གོ་བཅས་ཀྱིས་མི་རིགས་དང་ཆོས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པའི་འགན་བཞེས་རྒྱུ། ཀྲང་ཁྲང་ཨེར་གྱིས་རིག་གནས་དང་རིག་གནས་ལོ་རྒྱུས་དང་སློབ་སྦྱོང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པའི་འགན་བཞེས་རྒྱུ། ཧུའུ་ཅི་ཡོན་གྱིས་རིག་གནས་དང་རིག་གནས་ལོ་རྒྱུས་དང་སློབ་སྦྱོང་ཨུ་ཡོན་ལྷན་ཁང་གི་ཚོགས་ཞུགས་ཀྲུའུ་རེན་གཞོན་པའི་འགན་བཞེས་རྒྱུ། ཀུའོ་ཅུན་གྱིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་དྲུང་ཆེ་གཞོན་པའི་འགན་མི་བཞེས་རྒྱུ་དང་། ལིའུ་ཞའོ་པིན་གྱིས་རིག་གནས་དང་རིག་གནས་ལོ་རྒྱུས་དང་སློབ་སྦྱོང་ཨུ་ཡོན་ལྷན་ཁང་གི་ཚོགས་ཞུགས་ཀྲུའུ་རེན་གཞོན་པའི་འགན་མི་བཞེས་རྒྱུ། ཀྲེན་ཡུའེ་ཝུན་གྱི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གོ་གནས་མེད་པར་བཟོ་རྒྱུ་དང་དེའི་ཨུ་ཡོན་གྱི་ཐོབ་ཐང་ཕྱིར་འཐེན་བྱ་རྒྱུའི་སྐོར་གྱི་ཆོད་དོན་ལ་གྲོས་འཆམ་བྱུང་བ། ཝང་པིན་དང་། ཝང་ཕེང་ཅེ། ཧན་དབྱི། ཝེ་དབྱི་ཧུང་བཅས་ཀྱི་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཨུ་ཡོན་གྱི་ཐོབ་ཐང་མེད་པ་བཟོ་རྒྱུའི་སྐོར་གྱི་གཏན་འབེབས་ལ་ཁས་ལེན་བྱས་པ་རེད།
        མཇུག་སྒྲིལ་ཚོགས་འདུ་མ་འཚོག་གོང་། ཕྱི་འབྲེལ་པུའི་པུའུ་ཀྲང་གཞོན་པ་ལེ་ཡུས་ཁྲེང་གིས་ཆེད་དོན་སློབ་སྦྱོང་འཆད་ཁྲིད་གནང་བ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1