རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་ལྔ་པ་པེ་ཅིང་དུ་འགོ་ཚུགས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 03-07



ཞི་ཅིན་ཕིང་དང་། དབང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་སོགས་ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་ཡོད་པ།
ལི་ཁེ་ཆང་གིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གནང་བ་དང་ལི་ཀྲན་ཧྲུའུ་ཡིས་ཚོགས་ཆེན་གཙོ་སྐྱོང་གནང་བ།
ས་གནས་ཀྱི་རྩ་འཛུགས་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་སྐོར་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་འཐུས་མིའི་སྐལ་གྲངས་དང་འདེམས་བསྐོའི་གནད་དོན་གྱི་གཏན་འབེབས་འཆར་ཟིན་སྐོར་གྱི་གསལ་བཤད་སོགས་གསན་པ།
ཟླ་3ཚེས་5ཉིན། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་ལྔ་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་འགོ་ཚུགས་ཤིང་། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ཞི་ཅིན་ཕིང་དང་། ལི་ཁེ་ཆང་། དབང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་སོགས་ཚོགས་འདུར་ཞུགས་པ་དང་། ལི་ཀྲན་ཧྲུའུ་ཡིས་ཚོགས་ཆེན་གཙོ་སྐྱོང་གནང་བ།


ཟླ་3ཚེས་5ཉིན། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་ལྔ་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་འགོ་ཚུགས་ཤིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ནས་ཚོགས་ཆེན་ཐོག་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གནང་བ།


ཟླ་3ཚེས་5ཉིན། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་ལྔ་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་འགོ་ཚུགས་ཤིང་། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ལག་བསྟར་ཀྲུའུ་ཞི་ལི་ཀྲན་ཧྲུའུ་ཡིས་ཚོགས་ཆེན་གཙོ་སྐྱོང་གནང་བ།



        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཚེས་5ཉིན་གྱི་སྔ་དྲོ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་ལྔ་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་འགོ་ཚུགས་ཤིང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་3000ཙམ་གྱིས་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་འཁུར་ནས་ཚོགས་ཆེན་ལ་ཞུགས་ཏེ་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་བླ་ན་མེད་པའི་འགན་འཁྲི་ནན་ཏན་ངང་བསྒྲུབ་རྒྱུ་རེད།

        མི་དམངས་ཚོགས་ཁང་ཆེ་མོའི་མི་ཁྲི་ཤོང་བའི་ཚོགས་ཁང་ཆེ་མོའི་རྣམ་པ་གཟབ་རྒྱས་དང་སྤྲོ་སེམས་ཀྱིས་ཁེངས་ཤིང་། ཀྲུའུ་ཞི་སྡིངས་ཆའི་རྒྱབ་ཡོལ་གྱི་དབུས་སུ་བཀལ་བའི་རྒྱལ་རྟགས་དམར་མདངས་བཀྲ་བའི་དར་དམར་གྱི་མཛེས་རྒྱན་ཁྲོད་དེ་བས་བཀྲག་མདངས་ལྡན།

ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ལག་བསྟར་ཀྲུའུ་ཞི་ལི་ཀྲན་ཧྲུའུ་ཡིས་ཚོགས་ཆེན་གཙོ་སྐྱོང་གནང་བ་རེད། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ལག་བསྟར་ཀྲུའུ་ཞི་ཝང་ཁྲེན་དང་། ཚའོ་ཅན་མིང་། ཀྲང་ཁྲུན་ཞན། ཧྲེན་གཡོད་གཡོད། ཅི་པིང་ཤོན། ཨའེ་ལི་ཀེང·དབྱི་མིང་པ་ཧའེ། དབན་ཨོ་ཤང་། ཁྲེན་ཀྲུའུ། ཝང་ཏུང་མིང་། པད་མ་འཕྲིན་ལས། ཏིང་ཀྲུང་ལི། ཧའོ་མིང་ཅིན། ཚའེ་ཏ་ཧྥུང་། ཝུའུ་ཝེ་ཧྭ། དབྱང་ཀྲེན་ཝུའུ་བཅས་ཀྲུའུ་ཞི་སྡིངས་ཆའི་ལག་བསྟར་ཀྲུའུ་ཞིའི་བཞུགས་གནས་སུ་བཞུགས་ཡོད་པ་རེད།
        ཞི་ཅིན་ཕིང་དང་། ལི་ཁེ་ཆང་། དབང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་དང་དེ་བཞིན་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་བཅས་ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་ཡོད་པ་རེད།
        རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་ལྔ་པར་འཐུས་མི་2951ཕེབས་དགོས་པ་དང་། ཚེས་5ཉིན་གྱི་སྔ་དྲོའི་ཚོགས་འདུར་འཐུས་མི་2790ཕེབས་ཡོད་པ་དང་འཐུས་མི་161ཕེབས་ཐུབ་མེད་པས་ཚོགས་འདུར་ཕེབས་པའི་མི་གྲངས་དེ་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད།
        སྔ་དྲོའི་ཆུ་ཚོད་9པར་ལི་ཀྲན་ཧྲུའུ་ཡིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་ལྔ་པ་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་སྐབས་ཚང་མ་ཡར་བཞེངས་ནས་སྐད་གསང་མཐོན་པོས་རྒྱལ་གླུ་བཏང་བ་རེད།
        ཚོགས་འདུའི་གྲོས་རིམ་ལྟར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ནས་ཚོགས་ཆེན་ཐོག་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གནང་ཞིང་། སྙན་སྒྲོན་དེ་ཁྱོན་ཁག་གསུམ་ལ་དབྱེ་ཡོད་པ་སྟེ། གཅིག 2021ལོའི་ལས་དོན་ལ་ཕྱིར་དྲན་དང་། གཉིས། 2022ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱིའི་བླང་བྱ་དང་སྲིད་ཇུས་ཀྱི་བླང་ཕྱོགས། གསུམ། 2022ལོའི་སྲིད་གཞུང་ལས་དོན་གྱི་ལས་འགན་བཅས་རེད།
        ལི་ཁེ་ཆང་གིས་སྙན་སྒྲོན་ནང་བསྟན་དོན། འདས་ཟིན་པའི་ལོ་གཅིག་ནི་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པའི་ལོ་ཞིག་རེད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་གནང་སྟེ། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུས་པ་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་རྒྱལ་ཁའི་ངང་འཚོགས་ཏེ་ཏང་གི་ལོ་རྒྱུས་ཀྱི་གྲོས་ཆོད་གསུམ་པ་གཏན་འཁེལ་བྱས་པ། དུས་བཀག་ལྟར་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་བླངས་པ། དུས་བཀག་ལྟར་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་པ་དང་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱུང་བ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཀྱི་རྒྱང་སྐྱོད་ལམ་བུ་གསར་པའི་ཕྱོགས་སུ་བསྐྱོད་པ་བཅས་བྱས་ཡོད། ལོ་གཅིག་རིང་། རྙོག་འཛིང་ཆེ་ཞིང་ཛ་དྲག་ཆེ་བའི་རྒྱལ་ཁབ་ཕྱི་ནང་གི་དུས་བབ་དང་ཉེན་ཁ་དང་འགྲན་སློང་མང་པོར་ཕྱོགས་ནས་རྒྱལ་ཡོངས་གོང་འོག་ཚང་མས་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་བྱས་པར་བརྟེན། ལོ་ཧྲིལ་པོའི་དམིགས་ཚད་དང་ལས་འགན་གཙོ་བོ་ལེགས་གྲུབ་ཡག་ཙམ་བྱུང་བ་དང་། “ལོ་ལྔ་ཚན་བཅུ་བཞི་པའི”འགོ་ཡག་པོ་ཚུགས་ཐུབ་ནས་རང་རྒྱལ་གྱི་འཕེལ་རྒྱས་ལ་སླར་ཡང་གྲུབ་འབྲས་གསར་པ་གལ་ཆེན་ཐོབ་ཡོད།
        ལི་ཁེ་ཆང་གིས་སྙན་སྒྲོན་ནང་བསྟན་དོན། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་གཏིང་ཟབ་དང་། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར། “བརྟན་པོ་དྲུག”དང“འགན་ལེན་དྲུག”གི་ལས་དོན་ཏན་ཏིག་སྒྲུབ་པ། གཞི་ཆེའི་སྲིད་ཇུས་དུས་འཁོར་ལས་སྒྲོལ་བ་དང་དུས་འཁོར་ལས་ལྡོག་སྟེ་ལེགས་སྒྲིག་བྱེད་པར་སྣང་ཆེན། ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་ནུས་ལྡན་གཅོག་པ་བཅས་བྱས་པ་མ་ཟད། གཙོ་བོ་གཤམ་གསལ་གྱི་ལས་དོན་བསྒྲུབས་པ་སྟེ། གཅིག་ནས་གཞི་ཆེའི་སྲིད་ཇུས་ཀྱི་རྒྱུན་མཐུད་ཀྱི་རང་བཞིན་དང་དམིགས་སའི་རང་བཞིན་རྒྱུན་འཁྱོངས་བྱས་ནས་དཔལ་འབྱོར་འཁོར་སྐྱོད་ལུགས་མཐུན་གྱི་བར་མཐོངས་སུ་རྒྱུན་འཁྱོངས་ཐུབ་པར་སྐུལ་འདེད་བཏང་བ་དང་། གཉིས་ནས་ཁེ་ལས་ལ་རོགས་རམ་དང་དཀའ་ངལ་སེལ་བའི་སྲིད་ཇུས་ལེགས་གཏོང་དང་དོན་འཁྱོལ་བྱས་ནས་དཔལ་འབྱོར་སླར་གསོ་ཡོང་བའི་རྨང་གཞི་བརྟན་དུ་བཏང་བ། གསུམ་ནས་སྒྱུར་བཅོས་ཟབ་ཏུ་བཏང་བ་དང་སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་ནས་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་སུ་བཏང་བ། བཞི་ནས་གསར་གཏོད་སྣེ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་བརྟན་དུ་བཏང་བ། ལྔ་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་དཔལ་འབྱོར་བཀོད་པ་རྒྱུན་ཆད་མེད་པར་ལེགས་སུ་བཏང་བ། དྲུག་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ། བདུན་ནས་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བར་ཤུགས་སྣོན་བརྒྱབ་ནས་སྤྱི་ཚོགས་བྱ་གཞག་མགྱོགས་མྱུར་འཕེལ་རྒྱས་བཏང་བ། བརྒྱད་ནས་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་དང་བཅོས་སྐྱོང་གསར་གཏོད་ལ་སྐུལ་འདེད་བཏང་ནས་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་རྒྱུན་འཁྱོངས་ཐུབ་པ་བཅས་བྱས་ཡོད།
        ལི་ཁེ་ཆང་གིས་སྙན་སྒྲོན་ནང་བསྟན་དོན། གྲུབ་འབྲས་ལ་ཁས་ལེན་བྱེད་པ་དང་ཆབས་ཅིག ང་ཚོས་འཕྲད་པའི་གནད་དོན་དང་འགྲན་སློང་རིག་པ་དྭངས་གསལ་གྱིས་མཐོང་བར་བྱེད་དགོས། རྗེས་ཡོང་སྔོན་དྲན་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། གནད་དོན་དང་འགྲན་སློང་ལ་ཐད་ཀར་ཕྱོགས་པ། ནུས་ཤུགས་ཡོད་རྒུས་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ནས་མི་དམངས་ཀྱི་རེ་སྒུག་ཆུད་ཟོས་སུ་གཏན་ནས་གཏོང་མི་རུང་།
        ལི་ཁེ་ཆང་གིས་སྙན་སྒྲོན་ནང་བསྟན་དོན། 2022ལོའི་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་ཚད་གཙོ་བོ་ནི། རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་5.5%ཙམ་འཕར་བ་བྱ་རྒྱུ་དང་། གྲོང་ཁྱེར་དང་གྲོང་རྡལ་དུ་མི་ཁྲི་1100ཡན་གསར་དུ་ལས་ཞུགས་ཐུབ་པ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་བརྟག་དཔྱད་བྱེད་ཚད་ལོ་ཧྲིལ་པོར་5.5%ནང་ཚུན་དུ་ཚོད་འཛིན་བྱེད་རྒྱུ། གྲོང་མིའི་འཛད་སྤྱོད་རིན་གོང་3%ཙམ་འཕར་བ་བྱེད་རྒྱུ། གྲོང་མིའི་ཡོང་འབབ་འཕར་ཚད་དཔལ་འབྱོར་འཕར་ཚད་དང་གཞི་རྩའི་ཆ་ནས་གཅིག་མཚུངས་ཡོང་བ་བྱེད་རྒྱུ། ཕྱིར་གཏོང་ནང་འདྲེན་བརྟན་ལ་སྤུས་ཀ་ལེགས་སུ་གཏོང་བ་དང་རྒྱལ་སྤྱིའི་གཏོང་ཡོང་གཞི་རྩའི་ཆ་ནས་དོ་སྙོམས་ཡོང་བ་བྱེད་རྒྱུ། འབྲུ་རིགས་ཐོན་ཚད་རྒྱ་མ་དུང་ཕྱུར་ཁྲི་1.3ཡན་རྒྱུན་འཁྱོངས་བྱེད་རྒྱུ། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ངང་ལེགས་སུ་འགྲོ་བ་བྱས་ནས་སྦགས་བཙོག་དངོས་པོ་གཙོ་བོ་འབུད་ཚད་མུ་མཐུད་ཆག་པ་བྱེད་རྒྱུ། ནུས་རྒྱུ་ཟད་གྲོན་གྱི་ཤུགས་ཚད་དམིགས་ཚད“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་དུས་ཡུན་ནང་སྤྱི་འདོམས་དཔྱད་ཞིབ་བྱེད་པ་དང་འབྲེལ་རྐྱང་སྐུམ་གྱི་ཆ་འོས་འཚམ་འཇོག་པ་དང་། གསར་འཕར་བསྐྱར་སྐྱེས་རུང་བའི་ནུས་རྒྱུ་དང་མ་བཅོས་རྒྱུ་ཆའི་སྤྱོད་ནུས་ནུས་རྒྱུའི་འཛད་སྤྱོད་བསྡོམས་འབོར་གྱི་ཚོད་འཛིན་ནང་མི་འཇོག་རྒྱུ་བཅས་རེད།
        ལི་ཁེ་ཆང་གིས་སྙན་སྒྲོན་ནང་བསྟན་དོན། 2022ལོར་ལས་དོན་ཁག་ཡག་པོ་ཏན་ཏིག་སྒྲུབ་དགོས་པ་སྟེ། གཞི་ཆེའི་དཔལ་འབྱོར་བརྟན་དུ་གཏོང་བར་ཤུགས་སྣོན་བརྒྱབ་ནས། དཔལ་འབྱོར་འཁོར་རྒྱུག་ལུགས་མཐུན་གྱི་བར་མཐོངས་སུ་རྒྱུན་འཁྱོངས་ཐུབ་པ་དང་། ཁྲོམ་རའི་བྱེད་པོ་བརྟན་པོ་དང་ལས་ཞུགས་འགན་ལེན་ལ་ཤུགས་སྣོན་བརྒྱབ་ནས། གཞི་ཆེའི་སྲིད་ཇུས་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ། བློ་བརྟན་འགྱུར་མེད་ངང་སྒྱུར་བཅོས་ཟབ་ཏུ་བཏང་ནས། ཁྲོམ་རའི་གསོན་ཤུགས་དང་འཕེལ་རྒྱས་ཀྱི་ནང་སྐྱེས་སྒུལ་ཤུགས་སྔར་བས་འཕེལ་བར་བྱེད་པ། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ། དངོས་ཚན་དཔལ་འབྱོར་གྱི་རྨང་གཞི་བརྟན་དུ་གཏོང་བ་དང་སྟོབས་ཆེར་གཏོང་བ། ནང་མཁོ་རྒྱ་ཆེར་གཏོང་བའི་འཐབ་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱས་ནས། ཁུལ་ཁོངས་མཐུན་སྦྱོར་འཕེལ་རྒྱས་དང་རྣམ་གསར་གྲོང་ཁྱེར་དང་གྲོང་རྡལ་ཅན་ལ་སྐུལ་འདེད་གཏོང་བ། ཞིང་ལས་ཐོན་སྐྱེད་ལ་དམ་འཛིན་ཡག་པོ་བྱས་ནས། གྲོང་གསེབ་ཀྱི་ཕྱོགས་ཡོངས་དར་རྒྱས་ལ་སྐུལ་འདེད་གཏོང་བ། ཆུ་ཚད་མཐོ་པོས་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་ནས་ཕྱི་ཕྱོགས་ཚོང་དོན་དང་ཕྱི་ཕྱོགས་མ་རྩ་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ། སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ལེགས་སུ་བཏང་ནས་འབྱུང་འཕྲོད་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དམངས་འཚོ་འགན་སྲུང་དང་ལེགས་སུ་ཏན་ཏིག་བཏང་ནས་སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་དང་གསར་གཏོད་བཅས་བྱེད་དགོས།
        སྙན་སྒྲོན་ནང་ལི་ཁེ་ཆང་གིས་ད་དུང་སྲིད་གཞུང་གི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་དང་། མི་རིགས་དང་། ཆོས་ལུགས། ཕྱིར་སྡོད་རང་མི་བཅས་ཀྱི་ལས་དོན། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་། ཤང་ཀང་དང་ཨའོ་མོན་འཕེལ་རྒྱས་དང་ངོགས་གཉིས་ཀྱི་འབྲེལ་བ། དེ་བཞིན་རང་རྒྱལ་གྱི་ཕྱི་འབྲེལ་སྲིད་ཇུས་སོགས་ཀྱི་ཐད་རྒྱས་བཤད་གནང་བ་རེད།
        ཚོགས་འདུའི་གྲོས་རིམ་གཞིར་བཟུང་། ཚོགས་ཆེན་ཐོག་2021ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཀྱི་འཆར་གཞི་ལག་བསྟར་བྱས་པའི་གནས་ཚུལ་དང་2022ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཀྱི་འཆར་གཞིའི་འཆར་ཟིན་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྙན་ཞུ་དང་2022ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཀྱི་འཆར་གཞིའི་འཆར་ཟིན་དང་2021ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་ལག་བསྟར་བྱས་པའི་གནས་ཚུལ་དང་2022ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་འཆར་ཟིན་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྙན་སྒྲོན་དང་2022ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་འཆར་ཟིན་ལ་ཞིབ་བཤེར་གནང་བ་རེད།
        རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་མངགས་བཅོལ་ལྟར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་གཞོན་པ་ཝང་ཁྲེན་གྱིས་ས་གནས་རིམ་ཁག་མི་དམངས་འཐུས་ཚོགས་དང་ས་གནས་རིམ་ཁག་མི་དམངས་སྲིད་གཞུང་གི་རྩ་འཛུགས་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་སྐོར་གྱི་གསལ་བཤད་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་འཐུས་མིའི་སྐལ་གྲངས་དང་འདེམས་བསྐོའི་གནད་དོན་གྱི་གཏན་འབེབས་འཆར་ཟིན་སྐོར་གྱི་གསལ་བཤད། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་འཐུས་མི་འདེམས་བསྐོའི་བྱེད་ཐབས་འཆར་ཟིན་སྐོར་གྱི་གསལ་བཤད། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་འཐུས་མི་འདེམས་བསྐོའི་བྱེད་ཐབས་འཆར་ཟིན་སྐོར་གྱི་གསལ་བཤད་བཅས་སོ་སོར་གནང་བ་རེད།
        ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་མཁན་གྱི་གྲས་སུ་ཏིང་ཤུའེ་ཞང་དང་། ལིའུ་ཧོ། ཞུས་ཆི་ལེང་། སུན་ཁྲུན་ལན། ལི་ཞི་བཅས་དང་དེ་བཞིན་ཀྲུང་དབྱང་དམག་ཨུད་ཀྱི་ཨུ་ཡོན་ལི་ཙོ་ཁྲེང་དང་། མེའོ་ཧྭ། ཀྲང་ཧྲེང་མིན་སོགས་ཡོད་པ་རེད།
        ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ཧོ་དབྱི་ཁྲེང་ཚོགས་འདུར་ཟུར་ཞུགས་གནང་བ་དང་འབྲེལ་ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་ཡོད་པ་རེད།
        རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་ལྔ་པར་ཞུགས་མཁན་སྲིད་གྲོས་ཨུ་ཡོན་ཚོགས་འདུར་ཟུར་ཞུགས་གནང་ཡོད་པ་རེད།
        ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་། བཅིངས་འགྲོལ་དམག་གི་འབྲེལ་ཡོད་ཚན་པ། མི་དམངས་ཚོགས་པ་ཁག་གི་འབྲེལ་ཡོད་འགན་འཁུར་བ་བཅས་ཚོགས་ཆེན་ལ་ཟུར་ཞུགས་སམ་ཡང་ན་ཟུར་ཉན་གནང་བ་རེད།
        ཀྲུང་གོར་བཅའ་སྡོད་ཕྱི་རྒྱལ་གྱི་གཞུང་ཚབ་པས་ཚོགས་ཆེན་ཟུར་ཉན་གནང་བ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1