ཞི་ཅིན་ཕིང་གིས་སྲིད་གྲོས་ཚོགས་འདུར་ཞུགས་མཁན་ཞིང་ལས་རིགས་ཁོངས་དང་། སྤྱི་ཚོགས་ཕན་བདེ་དང་སྤྱི་ཚོགས་འགན་སྲུང་རིགས་ཁོངས་ཀྱི་ཨུ་ཡོན་ལ་གཟིགས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 03-08


ཞི་ཅིན་ཕིང་གིས་སྲིད་གྲོས་ཚོགས་འདུར་ཞུགས་མཁན་ཞིང་ལས་རིགས་ཁོངས་དང་། སྤྱི་ཚོགས་ཕན་བདེ་དང་སྤྱི་ཚོགས་འགན་སྲུང་རིགས་ཁོངས་ཀྱི་ཨུ་ཡོན་ལ་གཟིགས་སྐབས།

ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་བྱེད་ནུས་ཆེ་རུ་གཏོང་རྒྱུ་དེ་སྔར་ལས་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་པ་དང་། སྤྱི་ཚོགས་འགན་སྲུང་བྱ་གཞག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་མུ་མཐུད་ཤུགས་སྣོན་རྒྱག་དགོས་པའི་ནན་བཤད་གནང་བ།
དབང་དབྱང་གཟིགས་ཞིབ་དང་གྲོས་བསྡུར་ནང་ཞུགས་པ།

        ཟླ་3ཚེས་6ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་ལྔ་པར་ཞུགས་མཁན་ཞིང་ལས་རིགས་ཁོངས་དང་། སྤྱི་ཚོགས་ཕན་བདེ་དང་སྤྱི་ཚོགས་འགན་སྲུང་རིགས་ཁོངས་ཀྱི་ཨུ་ཡོན་ལ་གཟིགས་པ་དང་འབྲེལ་མཉམ་འབྲེལ་ཚོགས་ཆུང་གི་ཚོགས་འདུར་ཞུགས་ནས་བསམ་འཆར་དང་གྲོས་འགོ་གསན་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་དབང་དབྱང་གཟིགས་ཞིབ་དང་གྲོས་བསྡུར་ནང་ཞུགས་པ་རེད།

        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཟླ་3ཚེས་6ཉིན་གྱི་ཕྱི་དྲོ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་ལྔ་པར་ཞུགས་མཁན་ཞིང་ལས་རིགས་ཁོངས་དང་། སྤྱི་ཚོགས་ཕན་བདེ་དང་སྤྱི་ཚོགས་འགན་སྲུང་རིགས་ཁོངས་ཀྱི་ཨུ་ཡོན་ལ་གཟིགས་པ་དང་འབྲེལ་མཉམ་འབྲེལ་ཚོགས་ཆུང་གི་ཚོགས་འདུར་ཞུགས་ནས་བསམ་འཆར་དང་གྲོས་འགོ་གསན་པ་རེད། ཁོང་གིས་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་ལེན་བསྟར་བར་ངེས་པར་དུ་ཞིང་ལས་ཐོན་རྫས་གཙོ་བོ་དང་ལྷག་དོན་དུ་འབྲུ་རིགས་མཁོ་སྤྲོད་འགན་ལེན་བྱ་རྒྱུ་དེ་ལས་འགན་ཨང་དང་པོར་བརྩིས་ནས། ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་ཆེ་རུ་གཏོང་རྒྱུ་དེ་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་སྟེ“ཞིང་རྟེན་འབྲུ་གསོག་དང་རྩལ་རྟེན་འབྲུ་གསོག”གི་ལས་དོན་དངོས་སུ་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས། སྤྱི་ཚོགས་འགན་སྲུང་བྱ་གཞག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ་སྤྱི་ཚོགས་འགན་སྲུང་གི་བདེ་འཇགས་དྲ་བ་ཚགས་དམ་དུ་བཏང་ནས་མི་དམངས་ཀྱི་འཚོ་བ་སྐྱིད་པོ་ཡོང་ཆེད་རྨང་གཞི་བརྟན་པོ་འདིང་དགོས་པའི་ནན་བཤད་གནང་བ་རེད།

        “གསུམ་བརྒྱད”རྒྱལ་སྤྱིའི་ངལ་རྩོལ་བུད་མེད་དུས་ཆེན་འཆར་ཉེའི་སྐབས་སུ་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་གི་ཚབ་ཞུས་ནས་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ལ་ཞུགས་མཁན་བུད་མེད་འཐུས་མི་དང་། བུད་མེད་ཨུ་ཡོན། བུད་མེད་ལས་དོན་པ། རྒྱལ་ཡོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་བུད་མེད། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་དང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ། ཐའེ་དབན་ས་ཁུལ་བཅས་ཀྱི་བུད་མེད་སྤུན་ཟླ་དང་ཕྱི་རྒྱལ་དུ་ཡོད་པའི་ཕྱིར་སྡོད་བུད་མེད་སྤུན་ཟླར་དུས་ཆེན་གྱི་བཀྲ་ཤིས་བདེ་ལེགས་དང་སྨོན་འདུན་བཟང་པོ་ཞུས་པ་རེད།
        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་དབང་དབྱང་གཟིགས་སྐབས་དང་གྲོས་བསྡུར་ནང་ཞུགས་པ་རེད།
        མཉམ་འབྲེལ་ཚོགས་ཆུང་གི་ཚོགས་འདུའི་ཐོག དབྱང་ཧྥུང་ཅི་དང་། ཝང་ཅིང་། ཐང་ཅུན་ཅེ། མོའོ་རུང་། ཡེ་ཤེས་ཟླ་བ། དབན་ཅན་མིན། ཝང་ཧའེ་ཅིང་བཅས་ཨུ་ཡོན་བདུན་གྱིས་གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཀྱི་རྨང་གཞི་བརྟན་དུ་གཏོང་བ། འདེབས་འཛུགས་ལས་རིགས་ཀྱི་རང་རྟེན་གསར་གཏོད་ལ་སྐུལ་འདེད་གཏོང་བ། སྤྱི་ཚོགས་འགན་སྲུང་མ་ལག་གི་ཞན་ཆ་སེལ་བ། སྤྱི་ཚོགས་ཕན་བདེའི་བྱ་གཞག་གི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། སྤྱི་ཚོགས་ཀྱི་སྟོབས་ཤུགས་སྐུལ་སློང་བྱས་ནས་ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་བ་སོགས་ལ་དམིགས་ནས་གཏམ་བཤད་གནང་བ་རེད།
        ཞི་ཅིན་ཕིང་གིས་ཚང་མའི་གཏམ་བཤད་གསན་རྗེས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་ང་རང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཞིང་ལས་རིགས་ཁོངས་དང་། སྤྱི་ཚོགས་ཕན་བདེ་དང་སྤྱི་ཚོགས་འགན་སྲུང་རིགས་ཁོངས་ཀྱི་ཨུ་ཡོན་རྣམས་དང་མཇལ་བ་དང་འབྲེལ་མཉམ་འབྲེལ་ཚོགས་ཆུང་གི་གྲོས་བསྡུར་ནང་ཞུགས་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་ཞེས་གསུངས་པ་རེད། ཁོང་གིས་ཀྲུང་གུང་ཀྲུང་དབྱང་གི་ཚབ་ཞུས་ཏེ་འདིར་བཞུགས་པའི་ཨུ་ཡོན་རྣམ་པ་དང་རྒྱལ་ཡོངས་ཀྱི་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་ཚོར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ་དང་རྒྱལ་ཡོངས་ཀྱི་རྒྱ་ཆེའི་ཞིང་ལས་དང་། སྤྱི་ཚོགས་འགན་སྲུང་། སྤྱི་ཚོགས་ཕན་བདེ་བཅས་ཀྱི་ལས་དོན་པར་ཡང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ་རེད།
        ཞི་ཅིན་ཕིང་གིས་གསུངས་དོན། འདས་ཟིན་པའི་ལོ་གཅིག་ནང་རྙོག་འཛིང་དང་ཛ་དྲག་ཆེ་བའི་རྒྱལ་སྤྱིའི་དུས་བབ་དང་དཀའ་ཚེགས་དང་ལྗིད་རྫོབ་ཆེ་བའི་རྒྱལ་ནང་གི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་འགན་དང་ལྷག་པར་དུ་ཏོག་གསར་གློ་ཚད་རིམས་ནད་ཀྱི་རྡབ་རྡེག་ཚབས་ཆེན་གྱི་མདུན་དུ་ཀྲུང་གུང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་དཔའ་ངར་ཞུམ་མེད་ཀྱིས་འབད་འཐབ་དང་དཀའ་བར་མི་འཛེམ་པར་མདུན་དུ་བསྐྱོད་ནས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུས་པ་དང་། དུས་བཀག་ལྟར་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་བླངས་པ། དུས་བཀག་ལྟར་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་པ། ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱུང་བ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཀྱི་རྒྱང་སྐྱོད་ལམ་བུ་གསར་པར་སྐྱོད་འགོ་ཚུགས་པ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁག་ལ་གྲུབ་འབྲས་གསར་པ་གལ་ཆེན་ཐོབ་ནས“ལོ་ལྔ་ཚན་བཅུ་བཞི་པའི”འགོ་ཡག་པོ་ཞིག་འཛུགས་ཐུབ་ཡོད། གྲུབ་འབྲས་འདི་དག་ལས་སླ་པོར་ཐོབ་པ་ཞིག་མིན་པར་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་སྙིང་རུས་ཆེན་པོས་བརྩོན་ལེན་བྱས་པའི་འབྲས་བུ་ཡིན་ལ་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱིས་མཐུན་སྒྲིལ་འབད་འཐབ་བྱས་པའི་འབྲས་བུའང་ཡིན།
        ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། མིག་སྔར་རྒྱལ་སྤྱིའི་དུས་བབ་ལ་མུ་མཐུད་རྙོག་འཛིང་ཆེ་བའི་འགྱུར་ལྡོག་གཏིང་ཟབ་འགྲོ་བཞིན་ཡོད་པ་དང་། ལོ་བརྒྱའི་འཕོ་འགྱུར་དང་དུས་རབས་ཀྱི་རིམས་ནད་གནས་ཚུལ་ཕན་ཚུན་འདྲེས་པ། དཔལ་འབྱོར་གོ་ལ་ཅན་ལ་རླབས་ཟུར་གྱེན་ལྡོག་ལྟ་བུ་འཕྲད་པ། རྒྱལ་ཁབ་ཆེན་པོའི་ཐབས་ཇུས་ཉིན་བཞིན་ཛ་དྲག་ཏུ་འགྲོ་བ། འཛམ་གླིང་འདི་ཉིད་གཡོ་འགུལ་ཆེ་བའི་འཕོ་འགྱུར་གྱི་དུས་སྐབས་གསར་པ་ཞིག་ཏུ་སླེབས་པ་བཅས་ཀྱི་རྐྱེན་པས་རྒྱལ་ནང་གི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་འགན་དཀའ་ཚེགས་ཆེ་ལ་ལྗིད་རྫོབ་ཆེ་བ་ཞིག་ཡོད། ང་ཚོས་རང་རྒྱལ་འཕེལ་རྒྱས་གཏོང་བར་སྔར་བཞིན་འཐབ་ཇུས་རང་བཞིན་ལྡན་པའི་མཐུན་རྐྱེན་མང་པོ་ཡོད་པ་མཐོང་ཐུབ་དགོས། གཅིག་ནས་ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ཡོད། ཁྱོན་ཡོངས་ལ་གཅིག་འདོམས་དང་ཕྱོགས་ཁག་དང་མཐུན་སྦྱོར་བྱས་ཏེ་ཉེན་ཁ་དང་འགྲན་སློང་གལ་ཆེན་སྣ་ཚོགས་ལ་བབ་བརླིང་ངང་ཁ་གཏད་གཅོག་པར་ཆབ་སྲིད་ཀྱི་འགན་ལེན་མཁོ་འདོན་བྱེད་པ་དང་། གཉིས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་མངོན་གསལ་དོད་པའི་ལེགས་ཆ་ལྡན་ཡོད། ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ་སོགས་ཀྱི་ལག་ལེན་ནང་རང་རྒྱལ་གྱི་ཆབ་སྲིད་ལམ་ལུགས་དང་བཅོས་སྐྱོང་མ་ལག་གི་ཁྱད་འཕགས་རང་བཞིན་སྔར་བས་མངོན་པས“ཀྲུང་གོའི་སྐྱོང་ལུགས”དང“ནུབ་ཕྱོགས་ཀྱི་ཟང་ཟིང”དབར་གྱི་བསྡུར་བ་དེ་བས་མངོན་གསལ་དོད་དུ་ཕྱིན་ཡོད། གསུམ་ནས་རྒྱུན་མཐུད་དང་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་གསོག་འཇོག་བྱས་པའི་རྨང་གཞི་བརྟན་པོ་ཡོད། རང་རྒྱལ་གྱི་དཔལ་འབྱོར་སྟོབས་ཤུགས་དང་། ཚན་རྩལ་སྟོབས་ཤུགས། རྒྱལ་སྲུང་སྟོབས་ཤུགས། ཕྱོགས་བསྡུས་རྒྱལ་སྟོབས་བཅས་མངོན་གསལ་དོད་པོས་ཆེ་རུ་འགྲོ་བཞིན་ཡོད་ལ་དཔལ་འབྱོར་འབོར་ཚད་ཆེ་བ་དང་། སྐྱང་སྐུམ་གྱི་སྟོང་ཆ་ཆེ་བ། གཞི་ཁྱོན་ཧ་ཅང་ཆེ་བའི་ཁྲོམ་ར་ཡང་ཡོད་པས་ཡུན་རིང་ལེགས་པའི་ཕྱོགས་སུ་སྐྱོད་པའི་གཞི་རྩའི་གནས་ཚུལ་ལ་འགྱུར་ལྡོག་འགྲོ་མི་སྲིད་པ་མ་ཟད། ལྡེམ་ཤུགས་ཆེན་པོ་དང་གསོན་ཤུགས་ཆེན་པོ་ཡང་ལྡན་ཡོད། བཞི་ནས་ཡུན་རིང་བརྟན་ལྷིང་གི་སྤྱི་ཚོགས་ཁོར་ཡུག་ལྡན་ཡོད། མི་དམངས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་དང་། སྤྱི་ཚོགས་བཅོས་སྐྱོང་གི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཏེ་སྤྱི་ཚོགས་ཡུན་རིང་བརྟན་ལྷིང་གི་ངོ་མཚར་མུ་མཐུད་བཏོད་ཡོད། ལྔ་ནས་གདེང་ཚོད་དང་རང་སྟོབས་ཀྱི་བསམ་པའི་སྟོབས་ཤུགས་ཡོད། ཀྲུང་གོ་མི་དམངས་ཀྱི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྔར་བས་སྐུལ་སྤེལ་བཏང་ནས་བློ་སྟོབས་དང་། ལ་རྒྱ། གདེང་ཚོད་བཅས་སྔར་བས་ཆེ་རུ་ཕྱིན་པ་དང་ཏང་སེམས་དང་། དམག་སེམས། དམངས་སེམས་བཅས་ཤུགས་ཆེར་འཕེལ་ཡོད། ང་ཚོས་དཀའ་ངལ་ལ་མཐོང་ཆེན་བྱེད་དགོས་ལ་ཡིད་ཆེས་ཀྱང་བརྟན་དུ་གཏོང་བ་དང་། ལོ་རྒྱུས་ཀྱི་རང་འགུལ་སྙིང་སྟོབས་དར་སྤེལ་གཏོང་བ། དཀའ་ངལ་ལ་མི་འཛེམ་པར་མདུན་དུ་སྐྱོད་པ། འཐབ་རྩོད་བྱེད་ཕོད་པ། འབད་འབུངས་ཡར་བརྩོན། སྙིང་སྟོབས་ཆེར་སྐྱེད་བཅས་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཀྲུང་གུང་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས།
        ཞི་ཅིན་ཕིང་གིས་གསུངས་དོན། འབྲུ་རིགས་བདེ་འཇགས་ནི“རྒྱལ་ཁབ་ཀྱི་དོན་ཆེན”ཡིན། དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད། རང་རྒྱལ་གྱིས་འཛམ་གླིང་གི་9%བཟུང་བའི་རྨོ་ཞིང་དང་6%བཟུང་བའི་ཚྭ་མེད་ཆུའི་ཐོན་ཁུངས་ལ་བརྟེན་ནས་འཛམ་གླིང་མི་འབོར་གྱི1/5ཙམ་བསྐྱངས་ཡོད། སྔོན་མ་མི་དུང་ཕྱུར་4ལྷག་ལྟོས་གྲོད་པ་མི་རྒྱགས་པ་ནས་ད་ཆ་མི་དུང་ཕྱུར་14ལྷག་ལྟོ་ཡག་པོ་ཟ་རྒྱུ་བྱུང་བའི་བར“སུས་ཀྲུང་གོ་གསོ་དགོས”ཞེས་པའི་གནད་དོན་ལ་ལན་ནུས་ལྡན་བཏབ་ཡོད། གྲུབ་འབྲས་དེ་ལས་སླ་པོར་ཐོབ་པ་ཞིག་མིན་པས་མུ་མཐུད་སྲ་བརྟན་དང་རྒྱ་སྐྱེད་གཏོང་དགོས། འབྲུ་རིགས་བདེ་འཇགས་ཡོང་བའི་གནད་དོན་འདིའི་ཐད་བག་མེད་ལྷོད་གཡེང་སྤུ་ཙམ་ཡང་བྱེད་མི་རུང་། བཟོ་ལས་ཅན་དུ་སླེབས་ན་ཟས་ཀྱི་གནད་དོན་ལ་སྣང་ཆུང་བྱེད་མི་རུང་ལ། རྒྱལ་སྤྱིའི་ཁྲོམ་རར་བརྟེན་ནས་ཐག་གཅོད་བྱ་རྒྱུའི་རེ་བའང་བྱེད་མི་རུང་། ཆུ་མ་ཤོར་གོང་ནས་རགས་བརྒྱབ་ནས་སྔ་བར་ཕྱི་གསུམ་དུ་འབྲུ་རིགས་བདེ་འཇགས་ཀྱི་རྩ་བ་དམ་པོར་བཟུང་བ་དང་། སྔ་བར་ཕྱི་གསུམ་དུ་རང་ཉིད་གཙོ་བོར་བྱེད་པ་དང་། རྒྱལ་ནང་དུ་གཞི་ཚུགས་པ། ཐོན་ནུས་འགན་ལེན་བྱེད་པ། ནང་འདྲེན་འོས་འཚམ་བྱེད་པ། ཚན་རྩལ་གྱིས་འདེགས་སྐྱོར་བྱེད་པ་བཅས་མཐའ་འཁྱོངས་བྱེད་དགོས།
        ཞི་ཅིན་ཕིང་གིས་གསུངས་དོན། རང་རྒྱལ་གྱིས་འཛམ་གླིང་ཐོག་གཞི་ཁྱོན་ཆེ་ཤོས་ཀྱི་སྤྱི་ཚོགས་འགན་སྲུང་མ་ལག་བསྐྲུན་ཡོད། སྤྱི་ཚོགས་འགན་སྲུང་བྱ་གཞག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་རྒྱུན་མཐུད་ངང་ཤུགས་སྣོན་བརྒྱབ་ནས་ལམ་ལུགས་ཀྱི་གཅིག་གྱུར་རང་བཞིན་དང་ཚད་ལྡན་རང་བཞིན་ལ་ཤུགས་སྣོན་རྒྱག་པ་དང་། རིམ་པ་མང་བ་དང་ཀ་རྟེན་མང་བའི་རྒན་གསོ་འགན་བཅོལ་གྱི་མ་ལག་འཕེལ་རྒྱས་བཏང་ནས་མི་དེ་བས་མང་བ་སྤྱི་ཚོགས་འགན་སྲུང་མ་ལག་ནང་འཇུག་དགོས། བབ་བསྟུན་ལས་ཞུགས་མི་སྣའི་སྤྱི་ཚོགས་འགན་སྲུང་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་སྟེ་ལས་ཤོར་དང་། ལས་རྨས། བུ་བཙའ་བཅས་ཀྱི་འགན་བཅོལ་ཁྱབ་རྒྱ་ཆེ་རུ་གཏོང་བ་དང་། ལམ་ལུགས་བཀོད་སྒྲིག་དེ་བས་དྲང་གཞག་ཡོང་བ་བྱེད་པ། ཁྱབ་རྒྱ་དེ་བས་ཆེ་རུ་གཏོང་བ་བཅས་བྱས་ནས་མི་དམངས་ཀྱི་འཚོ་བ་སྐྱིད་པོ་ཡོང་བ་བྱེད་དགོས། སྤྱི་ཚོགས་ཀྱི་འགན་སྲུང་ཐེབས་རྩའི་ལྟ་སྐུལ་དོ་དམ་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་སྤྱི་ཚོགས་ཀྱི་འགན་སྲུང་མ་དངུལ་སྣ་ཚོགས་མགོ་སྐོར་གཡོ་ལེན་དང་། གཞན་སྤྱོད། ཧམ་བཟུང་བཅས་ཀྱི་ཁྲིམས་འགལ་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་སྟེ་མི་དམངས་མང་ཚོགས་ཀྱི“རྒན་གསོའི་མ་དངུལ”དང“སྲོག་སྐྱོབ་མ་དངུལ”ཚང་མ་སྲུང་སྐྱོང་ཡག་པོ་བྱེད་དགོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1